སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱིས། ས་མཐོའི་སེང་རྩེད་གོང་འཕེལ་བཏང་།
འདི་ནི་བསྟན་པ་ཨ་མྱེས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་དུ་གཉེར་བའི་ཆབ་མདོའི་རེས་སྐོར་འགྲེམས་སྟོན་ནང་ཞུགས་ནས་འཁྲབ་སྟོན་བྱེད་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
འདི་ནི་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོར་ལག་ཤེས་པས་གྱང་ལྡེབས་སུ་སེང་རྩེད་རྣམ་པ་འབྲི་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
འདི་ནི་བསྟན་པ་ཨ་མྱེས་ཀྱིས་ཐོན་དང་པོའི་སེང་རྩེད་ཀྱི་འཁྲབ་ཆས་སྟོན་བཞིན་པ། (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལུའེ་ཅིའུ་ཧའེ་ཡིས་པར་བརྒྱབ)
འདི་ནི་གྲོགས་པོ་ཆུང་ཆུང་ཚོ་སེང་མགོའི་མདུན་དུ་རུབ་ནས་རྩེད་མོ་རྩེད་བཞིན་པ། (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཤན་ཀན་གྱིས་པར་བརྒྱབ)
འདི་ནི་བསྟན་པ་ཨ་མྱེས་ཀྱི་ཁྱིམ་དུ་ཡོད་པའི་ཤོ་པ་མདོའི་སེང་རྩེད་ལ་རག་པའི་གཟི་བརྗིད་ལག་ཁྱེར་ཡིན་པ། (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཨན་པོ་ཝུན་གྱིས་པར་བརྒྱབ)
འདི་ནི་བསྟན་པ་ཨ་མྱེས་དང་བྲོ་པ་ཚོ་མཐུན་སྒྲིལ་ཐང་ཆེན་དུ་འཛོམས་ནས་དྲན་རྟེན་པར་རྒྱག་བཞིན་པ། (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཨན་པོ་ཝུན་གྱིས་པར་བརྒྱབ)
འདི་ནི་བྲོ་པས་ཤོ་པ་མདོའི་སེང་རྩེད་རྩེད་བཞིན་པ། (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལུའེ་ཅིའུ་ཧའེ་ཡིས་པར་བརྒྱབ)
འདི་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་སློབ་ཆུང་དུ་བསྟན་པ་ཨ་མྱེས(གཡས)ཀྱིས་སློབ་མ་ཚོར་སེང་རྩེད་སློབ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བརྒྱབ)
བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་མཐུན་སྒྲིལ་ཐང་ཆེན་དུ་བྲོ་པ་ཚོས་སེང་ཆས་དམར་པོ་གྱོན་ནས་སེང་རྩེད་རྩེ་བར་ཡུལ་མི་ཚོས་དགའ་བསུ་ཚ་ཐག་ཆོད་ཞུས། འབྲས་ལྡན་སྟོན་གྱི་དུས་ཚིགས་འཆར་རིམ་བཞིན་ཡུལ་དེར་འཁྲུག་ཆ་དོད་པའི་སེང་རྩེད་རྩེད་ཀྱི་ཡོད།
ལྷོ་རོང་རྫོང་ནི་སྔོན་ཆད་ཇ་རྟའི་གནའ་ལམ་ཐོག་གི་སྦྲག་ཚུགས་གལ་ཆེན་ཞིག་ཡིན་ལ། རྒྱ་བོད་དབར་འགྲོ་འོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད། ས་གནས་དེ་གའི་མི་སེར་ཚོས་རལ་པ་དང་སྒོར་གཞས་སོགས་བོད་ཀྱི་ཁྱད་ལྡན་མི་རིགས་ཞབས་བྲོའི་སྟངས་སྟབས་དེ་སྔོན་ས་གནས་དེ་གར་དར་བའི་སེང་རྩེད་དང་མཉམ་འདྲེས་བྱས་ནས་རྒྱ་བོད་གཉིས་ཀའི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱེད་སྟངས་ཏེ། ཤོ་པ་མདོའི་སེང་རྩེད་ཆགས་པ་རེད། 2024ལོར་ཤོ་པ་མདོའི་སེང་རྩེད་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་རེད།
སེང་རྩེད་ཀྱི་རྔ་རྡུང་མཁན་ནི་སེང་རྩེད་རྩེད་ནས་མི་ལོ་50ལྷག་ཙམ་སོང་ཞིང་ད་ལོ་ལོ་72ལ་སླེབས་པའི་རྒྱུན་འཛིན་པ་མི་རབས་བཞི་པ་བསྟན་པ་ཨ་མྱེས་ཡིན་པ་རེད། སྔོན་ཆད་འཚོ་བའི་ཆ་རྐྱེན་ཞན་པའི་དབང་གིས་སེང་རྩེད་ཀྱི་འཁྲབ་ཆས་ཉོ་བའི་མ་དངུལ་མེད་པར་བརྟེན། བསྟན་པ་ཨ་མྱེས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རས་ཆ་དང་སྤྱིན་ཆུ་སྤྱད་དེ་སེང་གེའི་མགོ་བོ་བཟོ་ཡི་ཡོད་པ་དང་རས་གདན་ལ་རྩྭ་སྐུད་ཀྱི་འཚེམ་བུ་བརྒྱབ་ནས་སེང་གེའི་པགས་པ་འདྲ་བཟོ་བྱེད་ཀྱི་ཡོད། བསྟན་པ་ཨ་མྱེས་ཀྱིས“ཕྱིས་སུ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ད་ཆ་ང་ཚོར་སེང་རྩེད་ཀྱི་འཁྲབ་ཆས་ཉོ་བའི་མ་དངུལ་དང་ནང་སྦྱོང་བྱ་ཡུལ་ཆུང་ངུ་ཞིག་ཡོད་པ་མ་ཟད། ད་དུང་ས་གནས་ཁག་ཏུ་འཁྲབ་སྟོན་བྱེད་པའི་གོ་སྐབས་ཀྱང་ཡོད”ཅེས་བཤད།
ཉེ་བའི་ལོ་འགའི་རིང་། ཤོ་པ་མདོའི་སེང་རྩེད་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་དང་གསར་གཏོད་བྱུང་བ་མ་ཟད། རིམ་བཞིན་དེ་བས་ཆེ་བའི་གར་སྟེགས་སུ་སྐྱོད་བཞིན་ཡོད། 2022ལོར་སེང་རྩེད་ལས་སྒྱུར་བཟོ་བྱས་པའི་ཞབས་བྲོའི་འཁྲབ་ཚན《བཀྲ་ཤིས་པའི་ཤོ་པ་མདོ》ཞེས་པ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ཐོག་འཁྲབ་སྟོན་བྱས་པ་རེད། 2023ལོར་ཤོ་པ་མདོའི་སེང་རྩེད“བོད་ལྗོངས་འགྲེམས་ཚོགས”ཆབ་མདོའི་འགྲེམས་ཁང་དུ་བདེ་བླག་ངང་འཁྲབ་སྟོན་བྱས་པ་རེད། ད་ལོའི་ཟླ་5ཚེས་25ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ཆབ་མདོའི་རེས་སྐོར་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་བསྟན་པ་ཨ་མྱེས་ཀྱིས་ཤོ་པ་མདོའི་སེང་རྩེད་ཀྱི་རུ་སྣེ་ཁྲིད་དེ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་མཇུག་འགྲིལ་རྗེས། ཁོང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གླུ་གཞས《པེ་ཅིང་གསེར་གྱི་རི་ལ》ཞེས་པ་བླངས། ཁོང་གིས“པེ་ཅིང་གི་མང་ཚོགས་ལ་ང་ཚོའི་སེང་རྩེད་འཁྲབ་སྟོན་བྱེད་རྒྱུ་བྱུང་བས་ང་རང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བཤད།
ད་ཆ་བསྟན་པ་ཨ་མྱེས་ཀྱི་རྐང་པ་ཐང་པོ་མེད་པས་ཤོ་པ་མདོའི་སེང་རྩེད་རྒྱུན་འཛིན་གྱི་ལས་འགན་ཁོང་གི་བུ་བློ་བཟང་རྒྱལ་མཚན་གྱི་ཕྲག་ཏུ་བབས། “ང་རང་སེང་རྩེད་རྩེ་རྒྱུར་ཧ་ཅང་དགའ་པོ་ཡོད་པས་ལོ་མང་རྒྱུན་འཛིན་བྱས་པ་ཡིན། སེང་རྩེད་མི་འདྲ་བས་གཏམ་རྒྱུད་མི་འདྲ་བ་བརྗོད་པས་དོན་སྙིང་ཆེན་པོ་ཡོད”ཅེས་བློ་བཟང་རྒྱལ་མཚན་གྱིས་བརྗོད། བློ་བཟང་རྒྱལ་མཚན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་དོན། ད་ཆ་སེང་རྩེད་ཚོགས་པའི་དགེ་ཕྲུག་བདུན་གྱིས་འཁྲབ་སྟོན་གྱི་རྒྱུན་སྐྱོང་བཞིན་ཡོད། ཁོང་གི་ཕྲུ་གུ་གསུམ་ཡང་ཆུང་དུས་ནས་སེང་རྩེད་ཀྱི་ཁོར་ཡུག་ནང་འཚར་ལོངས་བྱུང་བས་སེང་རྩེད་ལ་ཧ་ཅང་དགའ་པོ་ཆགས་ཡོད། ལོ་དགུ་ལ་སླེབས་པའི་བུ་རྒན་པས་རྨང་གཞིའི་སྟངས་སྟབས་མང་པོ་ཤེས་ཀྱི་ཡོད། ལོ་འདི་དག་རིང་བསྟན་པ་ཨ་མྱེས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བར”བརྟེན་ནས་ཤོ་པ་མདོ་གྲོང་རྡལ་གྱི་སློབ་ཆུང་སོགས་སུ་སློབ་མར་སེང་རྩེད་ཀྱི་སྟངས་སྟབས་ཀྱི་གནད་འགག་བསླབ་པ་མ་ཟད། ད་དུང་སེང་རྩེད་ཀྱི་དགའ་ཕྱོགས་འཛིན་གྲྭའང་གཉེར་བས་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ད་ཆ་བློ་བཟང་རྒྱལ་མཚན་གྱིས་སེང་རྩེད་ལ་དགའ་པོ་བྱེད་མཁན་དེ་བས་མང་བར་འཁྲབ་རྩལ་ངོམ་ས་དང་སྦྱོང་བརྡར་བྱ་ཡུལ་དེ་བས་ཆེ་བ་ཞིག་གཉེར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “ཨ་ཕས་ང་ལ་ཤོ་པ་མདོའི་སེང་རྩེད་རྒྱུན་འཛིན་གྱིས་ཤིག་གསུངས་ཀྱི་འདུག་པས། ངས་ད་དུང་དགེ་ཕྲུག་འགའ་བསྡུས་ནས་འབྱུང་འགྱུར་ང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་འདི་ངོམ་སྟོན་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་རེ་བྱེད་ཀྱི་ཡོད”ཅེས་བློ་བཟང་རྒྱལ་མཚན་གྱིས་བརྗོད།
འབྲེལ་ཡོད་གསར་འགྱུར།