དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • དབང་པོ་སྐྱོན་ཅན་ཡིན་ཡང་སྙིང་སྟོབས་བསྐྱེད། བཀྲག་མདངས་འཚེར་བའི་མི་ཚེའི་ལམ་བུ་བཏོད།

    —རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་གི་འཐུས་མི་མཆོག་ལས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    འདི་ནི་མཆོག་ལས་ཡིན་པ།

    འཇིག་རྟེན་འདིར་མི་འདི་འདྲ་ཁྱུ་གཅིག་ཡོད་དེ། མ་གཞི་དབང་པོ་སྐྱོན་ཅན་དུ་གྱུར་ནས། བདེ་མ་ཐང་མའི་མི་ལྟར་རང་གི་དགའ་ཁ་འཁྱེར་ཕྱོགས་བཞིན་དགའ་བའི་ལས་ལ་སྤྲོ་བས་འཇུག་སྐལ་མེད་ཀྱང་། ཁོང་ཚོས་རང་གི་ལས་དབང་ལ་སྤུ་ཙམ་འཁང་ར་མེད་པར། རང་ནུས་ལྕོགས་ཚོད་ཀྱིས་རང་གིས་འཇོན་པའི་ལས་ཀར་གཞོལ་ཏེ། རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་པ་གང་ཞིགམཐའ་འཁོར་གྱི་སྐྱེ་བོ་མང་པོར་ཡང་ལས་ཞུགས་ལས་གནས་སྣ་ཚོགས་མཁོ་འདོན་བྱས་ཏེ། ཁོང་ཚོའི་ཕུགས་འདུན་འགྲུབ་པར་ཡང་རོགས་རམ་ཆེན་པོ་བྱེད་བཞིན་ཡོད། 1987ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་སྐྱེས་པའི་མཆོག་ལས་ཀྱང་མི་དེ་དག་གི་གྲས་ཤིག་རེད། མ་གཞི་ཁོང་ནི་ དབང་པོ་སྐྱོན་ཅན་ཞིག་ཡིན་ཡང་། ཁོང་གིས་དཀའ་སྡུག་གི་འཚོ་བའི་མདུན་དུ་གཉའ་འཁུམས་ནས་མ་བསྡད་པར། 2016ལོར་བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཙུགས་ཏེ། གཙོ་བོ་ཡིག་ཆས་ཚོང་བ་དང་སློབ་གསོའི་སྦྱོང་བརྡར་གྱི་བགྱི་བ་ཁུར་དུ་བླངས་ཏེ། དབང་སྐྱོན་མང་པོ་ཞིག་ལ་ལས་གནས་མཁོ་འདོན་བྱས་པས། དབང་པོ་སྐྱོན་ཅན་མང་དག་ཅིག་མཆོལ་ལས་ཇི་བཞིན་ཕ་མ་སྤུན་མཆེད་ལ་བསྟེན་མི་དགོས་པའི་ཐོག་རང་རྐྱ་འཕེར་ཐུབ་པ་བྱུང་ཡོད་པས། དེས་ཁོང་ཚོའི་ཁྱིམ་ཚང་ཙམ་མ་ཟད་ལུས་སེམས་གཉིས་ཀར་ཕན་བདེ་ཆེན་པོ་བསྐྲུན་ཡོད་པ་སྨོས་མ་དགོས།

    འདི་ནི་མཆོག་ལས་ཀྱིས་གཏམ་བཤད་སྤེལ་བཞིན་པ།

    ཐོལ་བྱུང་གི་ཆག་སྒོས་མདུན་སྐྱོད་ཀྱི་ལམ་བུ་བཀག

    2009ལོའི་དགུན་ཁ་ནི་མཆོག་ལས་ལ་མཚོན་ན་དྲན་ན་ལུས་སེམས་སྦྲིད་ཅིང་། བསམས་ན་མིག་ཆུ་འཐོར་བའི་སྐྱི་གཡའ་བའི་དུས་ཚོད་ཅིག་ཡིན་ཏེ། སློབ་ཆེན་ལོ་རིམ་དང་པོའི་དགུན་ཁའི་གུང་གསེང་ལ། ཁོང་ཕ་ཡུལ་དུ་ལོག་ནས་ཨར་པོ་རྒྱག་སྐབས། སྟབས་མ་ལེགས་པར་གྱང་ལོག་སྟེ་སྒལ་ཚིགས་ཧྲུག་ཆག་ཐེབས་པ་རེད། དེ་ནི་ཤ་དར་ཁྲག་དར་གྱི་གཞོན་སྐྱེས་ཤིག་ལ་མཚོན་ན། འཇིགས་སུ་རུང་བའི་རྨི་ལམ་ཞིག་དང་འདྲ་བར། རྨི་ལམ་དེས་ཁོ་པའི་མདུན་སྐྱོད་ཀྱི་ལམ་བུ་ནག་རོག་རོག་ཏུ་བཏང་། ལོ་གསུམ་རིང་། ནང་མིས་ཁོང་ཕྱོགས་བཞི་མཚམས་བརྒྱད་གང་སར་ཨེམ་རྗེ་བསྟེན་པར་ཁྲིད་དེ། མ་འོངས་པའི་ཉིན་ཞིག་ལ། ཁོང་སྔོན་མ་ལྟར་སླར་ཡང་ཡར་ལངས་ནས་འགྲོ་ཐུབ་རྒྱུའི་རེ་བ་ཆེན་པོ་བཅངས་ཀྱང་། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ལྟར། ལོ་མང་རིང་སྨན་བཅོས་ཐེངས་མང་བྱས་ཀྱང་། དྲག་སྐྱེད་ཡོང་བའི་རེ་བ་རྟ་རྔ་ཙམ་ཡང་མེད་སྟབས། དེས་ཁོང་གི་ལུས་སེམས་ཧྲིལ་པོར་སླར་ཡང་ཆུ་འཁྱག་ཟོམ་གང་བཤོས་པ་ལྟར། ཁོང་གི་རེ་བའི་མེ་ལྕེ་གཏིང་ནས་བཅོམ། ཁོང་གིས“རྨས་སྐྱོན་ཕོག་རྗེས་ཀྱི་ལོ་དེ་དག་ནི་ངའི་མི་ཚེའི་ཆེས་མུན་ནག་གི་དུས་སྐབས་ཡིན། རྨས་སྐྱོན་དེའི་དབང་གིས་མུ་མཐུད་སློབ་གྲྭར་འགྲོ་སྐལ་མ་བྱུང་བས། སེམས་པ་སྡུག་བསྔལ་གྱི་འོབས་སུ་ལྷུངས་ཏེ། ཉིན་ལྟར་ནང་མིར་རླུང་བསྟན་པར་ཤོར་བ་མ་ཟད། སློབ་གྲོགས་དང་མི་གཞན་སུ་ལའང་འབྲེལ་བ་བྱེད་འདོད་མེད་པའི་སེམས་སྦུག་དོག་པའི་མི་ཞིག་ཆགས་སོང” ཞེས་བརྗོད།

    མཆོག་ལས་ནི་གཅེན་གཅུང་བརྒྱད་ཀྱི་ཨང་བདུན་པ་རེད་ལ། ཁྱིམ་གྱི་སློབ་ཆེན་སློབ་མ་དང་པོ་དེའང་རེད། ཁོང་གི་ཕུ་བོ་གསུམ་དང་གཅེན་མོ་གསུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་གཅེས་སྐྱོང་གང་ལེགས་བྱེད་ཀྱི་ཡོད། གཅེན་པོ་གཅེན་མོ་ཚང་མས་སེམས་སྦུག་དོག་ལ་སྐྱོ་ཤས་ཆེ་བའི་གཅུང་པོར་བསམ་ཤེས་དང་བཟོད་སྒོམ་བྱས་ནས། དུས་རྒྱུན་དུ་ཁོང་གི་མ་འོངས་པར་བསམ་བློ་གཏོང་གི་ཡོད། མཆོག་ལས་ཀྱིས “ནང་མིའི་བཟོད་སྒོམ་དང་ལྟ་རྟོག་གིས་ང་ལ་སེམས་འགུལ་ཚད་མེད་ཐེབས་ཏེ། རང་ཉིད་ཀྱིས་ནམ་རྒྱུན་ཁོང་ཚོར་དོན་མེད་རླུང་བསྟན་པར་འགྱོད་པ་སྐྱེས་པ་མ་ཟད། ངས་ཁོང་ཚོར་དཔལ་འབྱོར་དང་སེམས་ཁམས་ཐད་ཀྱི་ཁུར་པོ་ཉིས་བརྩེགས་བཟོས་པར་གནོང་འགྱོད་ཀྱང་ཆེན་པོ་སྐྱེས་བྱུང་། ངས་ངེས་པར་དུ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ནང་མིའི་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བརྗོད།

    འོན་ཀྱང་། དངོས་ཡོད་ཀྱི་འཚོ་བས་ཁོ་པར་སླར་ཡང་རྡུང་རྡེག་ཚ་ནན་བཏང་བ་སྟེ། ཁོང་གིས་རྐུབ་སྟེགས་འཁོར་ལོར་བསྡད་ནས་ལས་མི་བསྡུ་ས་མང་པོར་ལས་ཀ་འཚོལ་བར་བསྐྱོད་ཀྱང་། མི་སྤྱོད་ཚན་པ་སུ་ཞིག་གིས་ཀྱང་ཁོང་ལས་མིར་བསྡུས་མེད།

    ཀྱག་ཀྱོག་གི་ལམ་བུ་སྙིང་རུས་ཀྱིས་ཕ་མཐར་བཤགས།

    2012ལོར། མཆོག་ལས་ཀྱིས་ལྷ་སར་བོད་ལུགས་ཁྱིམ་ཆས་ལས་སྣོན་ཁང་ཆུང་གྲས་ཤིག་བཙུགས་ནས། ཕྱེ་མར་འབོ་བཟོ་འགོ་བརྩམས། འོན་ཀྱང་། སྐབས་དེར་ལག་ཤེས་བྱང་མ་མེད་པའི་ཁར་ལས་སྣོན་ཁང་གི་གཞི་ཁྱོན་ཆུང་བས། ཡོང་འབབ་མང་པོ་རག་མེད། ཁོང་གིས་དེ་ལྟར་ཚོང་རྒྱག་སྟངས་བསྒྱུར་ནས་མངགས་ཐོ་རྣམ་པའི་ཕྱིར་ཚོང་ཚོད་ལྟ་བྱས་ཏེ། མངའ་རིས་དང་ནག་ཆུ་སོགས་སུ་མཁོ་འདོན་བྱས་པ་མ་ཟད། འགྲེམས་ཚོང་སྣ་ཚོགས་ནང་ཧུར་ཐག་ཞུགས། འོན་ཀྱང་། ཁོང་གི་ཚོང་གཉེར་གྱི་ལམ་བུར་སྔར་བཞིན་བར་ཆད་དང་དཀའ་སྡུག་གི་སྨུག་སྤྲིན་བསྟུད་མར་འཐིབས།

    དེ་དུས། ཁོང་གི་ལག་ཏུ་སྒོར་1700ལས་མེད་པ་དང་། ལས་གཏོད་བྱེད་པར་མ་རྩ་སྒོར་ཁྲི་15ཙམ་དགོས་ཀྱི་ཡོད་པས། དཀའ་ངལ་འདི་ལྟ་བུའི་མདུན་དུ་ཁོང་རེ་ཞིག་རྡོ་ཕོག་པའི་བྱེའུ་རྨས་མ་བཞིན་ཡིད་ཐང་ཆད་དེ་ལུས། མཆོག་ལས་ཀྱིས“སྐབས་དེ་དུས་ང་རང་འུ་ཐུག་ནས་གཅེན་པོར་ང་ག་བྱེད་འདི་བྱེད་མེད་པར་གྱུར་པའི་སྐོར་བཤད་པར། གཅེན་པོས་ང་ལ་སེམས་གསོ་དང་བཅས་ང་ཚོར་གཅེན་གཅུང་མང་པོ་འདི་འདྲ་ཡོད་པས། རང་ལ་སེམས་ཁྲལ་ག་རེ་འདུག རང་ག་རེ་བྱས་ཀྱང་ང་ཚོ་ཚང་མས་དུས་ནམ་ཡང་ཁྱེད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་རེད་ཅེས་བཤད་བྱུང”ཞེས་བརྗོད།

    གཅེན་པོ་དང་གཅེན་མོས་ཁོང་ལ་རོགས་པ་བྱས་ཏེ་དངུལ་ཁང་ནས་སྒོར་ཁྲི་7དངུལ་བུན་གཡར་རོགས་བྱས་པ་དང་། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོང་གི་ལས་གཏོད་འཆར་གཞི་ཤེས་རྗེས་མ་དངུལ་སྒོར་85000ཡི་རོགས་སྐྱོར་བྱས་པ་མ་ཟད། འབྱུང་འགྱུར་གྱི་ལས་གཏོད་ཁ་ཕྱོགས་ཐད་ལའང་གྲོས་འགོ་འདོན་རོགས་བྱས། ནང་མི་དང་དབང་སྐྱོན་ཅན་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ལས་ཁོང་གི་སེམས་ཁྲལ་དལ་གྱིས་ཞི་བས། ཁོང་གིས་སྲོལ་རྒྱུན་ཡིག་ཆས་ཀྱི་ཚོང་གཉེར་གོ་སྐབས་དམ་པོར་བཟུང་།

    འདི་ནི་མཐོ་སྒང་ཀུང་སིས་བཟོས་པའི་བྱང་ཤིང་ཡིན་པ།

    རྒྱུན་ལྡན་གྱི་ལས་ཀའི་ཁྲོད་མཆོག་ལས་ཀྱིས་བྱང་ཤིང་ནོར་བུར་བརྩིས་དང་རྩི་མུས་ཡིན། ཁོང་གིས་འདྲ་པར་ལ་གཞིགས་ནས་བྱང་ཤིང་འགའ་ཤས་བཟོས་པ་མ་ཟད། བོད་ཡིག་ཡིག་གཟུགས་དགེ་རྒན་ལ་ཚོད་ལྟ་བྱེད་དུ་བཅུག་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། བསམ་འཆར་གཞིར་བཟུང་ལེགས་བཅོས་ཐེངས་མང་བྱས་ནས་བྱང་ཤིང་ཁ་གྲངས་50བཟོས། 2015ལོའི་སྐབས་གཉིས་པའི་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་རིང་། བྱང་ཤིང་ཚང་མ་འཁྱུག་ཙམ་ཞིག་ལ་བྲིན་པས། དེས་ཁོང་གི་ལས་གཏོད་ཀྱི་གདེང་ཚོད་ཆེས་ཆེར་འཕེལ། མི་མང་པོས་བྱང་ཤིང་ལ་དགའ་པོ་མེད་པ་མིན་པར་བཟོ་མཁན་མེད་པས་ཡིན་པ་ཤེས་རྗེས་བྱང་ཤིང་བཟོ་ཚད་མང་དུ་བཏང་།  2016ལོར་ཁོང་གིས་བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས། བྱང་ཤིང་དང་སྨྱུ་གུ སྣག་བུམ་སོགས་ཡིག་ཆས་གཙོ་བོར་བྱས་པའི་ལས་གཏོད་ཀྱི་ལམ་བུར་ཞུགས།

    འདི་ནི་བཟོ་གྲྭའི་ལས་མིས་བྱང་ཤིང་བཟོ་བཞིན་པ།

    རྗེས་སུ་ཁོང་གིས་ཇུས་འགོད་བྱས་པའི་བྱང་ཤིང་དང་བོད་ཡིག་ཀློག་སྨྱུག་གི་རྣམས་གྲངས་ལ“ཀྲུང་གོའི་གསར་གཏོད་གཤོག་ཟུང”གི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེན་པོ་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་བྱ་དགའ་ཨང་གསུམ་པ་ཐོབ་པས་ཁོང་ཕ་ཡུལ་གྱི་ལས་གཏོད་གྲགས་ཅན་མི་སྣར་གྱུར། བྱང་ཤིང་གི་ཚོང་བྲིན་ཁ་རྒྱུག་པོ་ཡོད་སྟབས། ཀུང་སིའི་གཉེར་སྐྱོང་ཁྱབ་ཁོངས་ཀྱང་རིམ་གྱིས་རྒྱ་སྐྱེད་བཏང་ནས། དྲ་ཐོག་དང་དྲ་ཕྱི་གཉིས་སུ་ཚོང་གཉེར་བྱེད་འགོ་བརྩམས། ལྷ་ས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག མཐོ་སྒང་ཀུང་སི་དེ་ཐད་གཏོང་ཁྱབ་ཁོངས་སུ་གང་མགྱོགས་ཞུགས་ཐུབ་པ་བྱུང་བ་མ་ཟད། རིམ་གྱིས་ཡིག་གཟུགས་དང་སྒྲ་སྙན་སྦྱོང་སའང་བཙུགས་པ་རེད།

    འདི་ནི་བྱང་ཤིང་ཐོག་ཏུ་གསལ་བྱེད་བརྐོ་བཞིན་པ།

    བརྩེ་སེམས་ཀྱི་ཉིན་བྱེད་དྲོན་མོས་དབང་སྐྱོན་མང་པོར་དྲོད་ཁོལ་སྦྱིན།

    མིག་སྔར། བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་ཡིག་ཆས་ཚོང་ཁང་དང་། ཤིང་ཆས་བཟོ་གྲྭ  བྱང་ཤིང་ཡིག་གཟུགས་ཉམས་ལེན་ཁང་། མཐོ་སྒང་ཇ་ཁང་། དེ་བཞིན་སྒྲ་སྙན་ཚོང་ཁང་དང་སྒྲ་སྙན་སྦྱོང་ས་སོགས་བཟོས་ཡོད་པ་དང་། མཐོ་སྒང་ཀུང་སིས་ཡིག་གཟུགས་དང་སྒྲ་སྙན་སྦྱོང་མཁན་གྱི་དབང་པོ་སྐྱོན་ཅན་དང་། དབང་པོ་སྐྱོན་ཅན་གྱི་ཕྲུ་གུ ཁྱིམ་ཚང་དབུལ་པོའི་ཕྲུ་གུ་བཅས་ཡིན་ཚེ་སློབ་རིན་ཕྱེད་ཀ་གཅོག་གི་ཡོད་པ་རེད།

    ཀུང་སིར་དེར་ཁྱོན་ལས་མི་53ཡོད་པའི་ཁྲོད། ལས་མི་མང་ཆེ་བ་ནི་དབང་པོ་སྐྱོན་ཅན་ཡིན་ཞིང་། ཁོང་ཚོའི་ཟླ་རེའི་ཆ་སྙོམས་གླ་ཆ་སྒོར་4000ཙམ་ཟིན་གྱི་ཡོད། དབང་པོ་སྐྱོན་ཅན་ཚོས་རང་མགོ་རང་འདོན་ཐུབ་པར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད་ལ། མི་གཞན་གྱི་མདུན་དུ་གཉའ་དམའ་པོ་བྱེད་དགོས་མེད་པ་དེ་བས་ཀྱང་ཚོར་ཐུབ་པ་བྱུང་ཡོད། མཆོག་ལས་ཀྱིས“མི་ཞིག་ལ་མཚོན་ན། རྩ་ཆེ་ཤོས་ནི་ནང་སེམས་ཡིན་པ་ལས་ཕྱི་ཚུལ་མ་རེད། ང་ཚོ་མི་བདེ་མ་ཐང་མ་ཞིག་མིན་རུང་། ང་ཚོས་རང་ཉིད་ཀྱི་བློ་གྲོས་དང་འབད་བརྩོན་ལ་བརྟེན་ཚེ། རང་ཉིད་ལ་འཚམ་པའི་མི་ཚེའི་ལམ་བུ་ཞིག་རྙེད་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད།

    འདི་ནི་ལས་མི་དགའ་སྐྱིད་ཀྱིས་བྱང་ཤིང་ཕྱི་བདར་གཏོང་བཞིན་པ།

    ལས་མི་དགའ་སྐྱིད་ཀྱིས“རྒན་མཆོག་ལས་ནི་ང་ལ་ཚེ་སྲོག་གསར་པ་སྦྱིན་མཁན་གྱི་མི་བཟང་པོ་ཞིག་ཡིན། རྒན་ལགས་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་དབང་པོ་སྐྱོན་ཅན་དུ་གྱུར་རྗེས་གཤིས་ཀར་འགྱུར་ལྡོག་ཆེན་པོ་བྱུང་སོང་། དུས་རྒྱུན་འཚོ་བའི་ནང་མི་ལ་སྐད་ཆ་བཤད་རྒྱུར་དགའ་པོ་མེད་པ་མ་ཟད། ཁོང་ཁྲོ་ལངས་བདེ་པོར་གྱུར་ནས་རྟག་པར་ནང་མིར་རླུང་བསྟན་ཤོར་གྱི་འདུགཕྱི་ལ་དོན་ཡང་མིས་མཐོང་ཆུང་བྱས་མི་ཡོང་བསམ་པའི་སེམས་ཁྲལ་གྱིས་ནང་ལ་འཛུལ་འཛུལ་བར་སྡོད་ཀྱི་ཡོད། 2017ལོར་སྤུན་མཆེད་ཀྱི་འོས་སྦྱོར་འོག ང་རང་མཐོ་སྒང་ཀུང་སིར་ལས་ཀ་བྱེད་པར་ཡོང་བ་ཡིན། ངའི་ལས་ཀ་གཙོ་བོ་ཅ་ལག་འཚོང་རྒྱུ་དེ་རེད། ལས་ཀར་ཡོང་པ་ནས་བཟུང་། ངའི་ལུས་སེམས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་། སྔོན་མ་ང་འཁར་རྒྱུག་བཙུགས་ནས་འགྲོ་སྐབས་ཀྱང་འགྱེལ་བདེ་པོ་ཡོད། ཡིན་ནའང་། དེང་སང་སྐབས་རེ་འཁར་རྒྱུག་མེད་ཀྱང་སྣང་དག་མི་འདུག”ཅེས་བརྗོད།

    ལས་མི་མང་པོ་ཞིག་མཆོག་ལས་ཀྱི་སྐུལ་འདེད་འོག་བོད་ཡིག་ཡིག་གཟུགས་དང་ཡིག་ཐང་འབྲི་བར་དགའ་པོ་ཆགས་ཡོད། ལས་མི་དགའ་སྐྱིད་ཀྱིས་ཚོང་ཁང་ནང་བཀལ་བའི་ཡིག་ཐང་གཅིག་ལ་མཛུབ་མོ་བཙུགས་ཏེ“འདི་ངས་བྲིས་པ་ཡིན། ང་རང་ལ་ཁོམ་པ་ཡོད་དུས་ཡིག་གཟུགས་སྦྱོང་བར་དགའ་པོ་ཡོད། ལྷན་རྒྱས་ལ་ཁོམ་པ་ཡོད་ན་ཀླུ་སྒུག་གི་མཐོ་སྒང་ཡིག་གཟུགས་ཉམས་ལེན་ཚོང་ཁང་དུ་ཡིག་གཟུགས་སྦྱོང་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་དགའ་ཚོར་དང་བཅས་བརྗོད།

    འདི་ནི་ལས་མི་དོན་གྲུབ་ཀྱིས་ཡིག་ཐང་བཟོ་བཞིན་པ།

    ཡིག་ཐང་བཟོ་བཞིན་པའི་ལས་མི་དོན་གྲུབ་ཀྱིས“ང་རང་ཀུང་སིར་ཡོང་ནས་ལོ་གསུམ་ལྷག་ཙམ་འགྲོ་ཡི་འདུགཟླ་རེར་ཡོང་འབབ་སྒོར་བཞི་སྟོང་ཡས་མས་ཙམ་ཡོད་པ་མ་ཟད། ཁ་ལག་དང་ཉལ་ཁང་གི་རིན་པ་སྤྲོད་དགོས་ཀྱི་མེད་པས། འཚོ་བར་དཀའ་ངལ་མི་འདུག ང་རང་གཟུགས་པོ་ཐང་པོ་ཡིན་ཙང་། དུས་རྒྱུན་ཁོམ་པ་ཡོད་དུས་དབང་སྐྱོན་ལས་རོགས་ལ་ཁ་ལག་བཟོ་རོགས་དང་ཉལ་ཁང་ལ་གཙང་སྦྲ་བྱེད་རོགས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། རྒན་མཆོག་ལས་ཀྱིས་དབང་པོ་སྐྱོན་ཅན་མང་པོར་ལས་ཀ་སྤྲད་དེ་སོ་སོ་རང་ཉིད་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་བས་ཁོང་ཚོའི་ལུས་སེམས་གཉིས་ཀར་ཕན་པར་ཆེན་པོ་བསྐྲུན་ཡོད”ཅེས་བརྗོད།

    སྲིད་ཇུས་བཟང་པོའི་འོད་སྣང་འོག མཆོག་ལས་ཀྱིས་སྔར་བཞིན་དཔའ་ངར་ཆེན་པོས་ལས་གཏོད་ཀྱི་ལམ་བུར་ཞུགས་ཏེ། རང་དང་འདྲ་བའི་དབང་པོ་སྐྱོན་ཅན་མང་པོ་ཞིག་ཚོང་ལམ་དུ་ཁྲིད་པ་དང་།

    ཁྲོམ་རའི་དགོས་མཁོ་གཞིར་བཟུང་། ཐོན་རྫས་གསར་གཏོད་ཧུར་ཐག་བྱས་པས། ཁོང་ནི་མི་མང་པོས་རྒྱུས་མངའ་ཆེ་བའི་དཔེ་སྟོན་མི་སྣ་ཞིག་ཏུ་གྱུར་ཡོད། གསར་འགོད་པས་ཁོང་གི་བཀའ་ཆའི་ཁྲོད་མ་འོངས་པའི་ལོ་ཟླའི་ནང་མུ་མཐུད་དུ་དབང་པོ་སྐྱོན་ཅན་གཞོན་ནུ་མང་པོ་དང་དཔུང་པ་མཉམ་གཤིབ་ཀྱིས་ལས་གཏོད་ལམ་བུའི་ཐོག་འབད་འཐབ་ཧུར་ཐག་བྱ་རྒྱུའི་ཡིད་ཆེས་ཀྱིས་བརྟས་ཡོད་པ་ཚོར་ཐུབ།

    གསར་འགོད་པ། བསོད་ནམས་མཚོ་མོ། ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། བདེ་ཆེན་དགྲ་འདུལ། སྐལ་བཟང་ལྷུན་གྲུབ།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།