ཡངས་པའི་བྱང་གི་རྩྭ་ཐང་སྟེང་། རྟ་ཕོའི་བང་རྩལ་རླུང་ལ་འགྲན།
2025ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་སྐོར་བཀོད་པ།
རྟ་རྩལ་རུ་ཁག་གིས་གཟིགས་ཕུད་འབུལ་བཞིན་པ།
ཉི་ཟེར་ས་ལ་འཕོས་པའི་སྔ་དྲོ་ཡི་དུས་སུ། བཅུ་དྲུག་ལང་ཚོས་སྙེམས་པའི་གེ་སར་གྱི་གཞོན་ནུ། དབུ་འཕང་དགུང་དང་མཉམ་པའི་རྟ་ཕོ་ལ་བཅིབས་ཏེ། རྩལ་རྩེད་བང་ཁ་འགྲན་པའི་ངང་ཚུལ་འདི་སྤྲོ་བ།
མཛེས་ཤིང་ལྟ་ན་སྡུག་ལ་སྐྱིད་ཅིང་ཡིད་དུ་འོང་བའི་སྤང་ལྗོངས་ཡངས་མོའི་གཞི་མར། 2025ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་འགོ་འཛུགས་མཛད་སྒོ་དང་། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་སྒོའི་འགོ་འཛུགས་མཛད་སྒོ་གེ་སར་རྟ་རྒྱུག་ཐང་ཆེན་དུ་དངོས་སུ་འགོ་ཚུགས་ཤིང་། ས་ཕྱོགས་ཁག་ནས་ཡོང་བའི་གཟིགས་མོ་བ་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་མ་གྲོས་གཅིག་མཐུན་གྱིས་རྩྭ་ཐང་ཡངས་མོའི་པང་དུ་འཛོམས་པས་ལྷིང་འཇགས་ཀྱི་བྱང་རྩྭ་ཐང་འདི་དེ་མ་ཉིད་དུ་འཁྲུག་ཆ་ཧ་ཅང་དོད་པོར་གྱུར།
ལོ་མང་གསོ་ཚགས་དང་སྦྱོང་བརྡར་སྤྲས་པའི་རྟ་ཕོར་དར་ཚོན་སྣ་ལྔའི་ཁ་བཏགས་སོགས་ཀྱིས་མཛེས་པར་བརྒྱན་པ་དང་ཕྱོགས་མཚུངས་རྟ་པ་ཚོས(གཙང་ཁུལ་དུ་རྒྱུག་ཕྲུག་ཅེས་ཀྱང་བརྗོད)ཆེད་དུ་བཟོས་པའི་རྒྱུག་ཞྭ་རྒྱུག་གོས་སོགས་ལེགས་པར་གྱོན་ཏེ་ལག་ཏུ་ལྕག་ཚན་ཐོགས་ནས་ཅང་ཤེས་རྟ་ཕོར་འཆིབ་སྐབས་རྫིག་ཉམས་ཤིན་ཏུ་དོད།
དཀར་ཆུའི་ཐོན་ཟོག་འཛོམས་ལ་ཆུ་བོ་བདུད་རྩིར་འགྱུར་བའི་རྫོགས་ལྡན་གྱི་དུས་འདི་ནི། ཡངས་པའི་རྩྭ་ཐང་གི་འབྲོག་པ་རྣམས་ལ་ཆ་མཚོན་ན། དབྱར་དུས་ཀྱི་ལས་ཀ་མཇུག་འགྲིལ་ཞིང་། སྟོན་འགོ་ཚུགས་མ་ཐག་པའི་ཆེས་སྐྱིད་པའི་དུས་བཟང་ཞིག་ཡིན་པ་དང་། ཕྱུགས་རིགས་ལ་ཤ་ཤེད་རྒྱས་ཤིང་ཞོ་འོ་མ་ཧ་ཅང་འབེལ་བའི་དུས་ཡིན་པ་མ་ཟད། ལོ་གཅིག་གི་དུས་ཚིགས་བཞི་ལས་གནམ་གཤིས་ཤིན་ཏུ་བཟང་བའི་དུས་ཀྱང་ཡིན་པས། བྱང་ཐང་གི་རྟ་རྒྱུག་དུས་ཆེན་ཆེད་དུ་དུས་ཚིགས་བཟང་ཤོས་འདིར་འཚོགས་པའི་དར་སྲོལ་ཆགས།
སྔོ་ལྗང་གཡུ་ལོ་རྒྱས་པའི་སྤང་ཐང་བདེ་མོར་སྐར་ཚོགས་ས་ལ་འཕོས་འདྲའི་གུར་ཕུབ་ནས་ཤ་མར་ཐུད་གསུམ་ལོངས་སུ་སྤྱོད་པའི་དབྱར་སྐྱིད་དང་། བདེ་ཅག་འཁྱུག་པའི་ཕོ་གཞོན་ཚོས་གྱི་ལིང་རྟ་མཆོག་ལྕག་གིས་བསྐུལ་ནས་ཁྲུང་ཁྲུང་གི་གར་རྩེད་བརྩེས་འདྲའི་སྒྱུ་རྩལ་གྱི་ཉམས་འགྱུར་འདི་དག་མཐོང་དུས། མི་ཡུལ་གྱི་འདོད་ཡོན་ཡོངས་སུ་རྫོགས་པ་འདི་ལས་ལྷག་པ་ཞིག་གང་ན་ཨེ་ཡོད་སྙམ།
འདིར་ཕེབས་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་གཟིགས་མོ་བ་ཚོ་རྫོང་དང་ཆུས་11གི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་བློ་གཤོགས་ཆེ་ཞིང་སྟངས་སྟབས་ཡང་བའི་སྒོར་གཞས་དང་། རྟ་རྩལ་རུ་ཁག་གི་སྒབ་ཟོར་ཡང་བའི་རྩལ་རྩེད་སོགས་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་པའི་མཛད་སྒོ་གཟབ་ཅིང་རྒྱས་པའི་དཔལ་ལ་རོལ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།