བསླབ་བྱ་འཚོ་བའི་ལམ་ཡིག
མི་ཚེ་ཕྱེད་ཀའི་ཉམས་མྱོང་ལས་ཐོན་ཞིང་། །
མཁས་བརྒྱའི་གསུང་གི་བདུད་རྩི་བཏུངས་པ་ལས། །
བློ་སྐྱེད་ཅུང་ཟད་ཐོབ་པའི་འབེལ་གཏམ་འདི། །
ཉུང་བསྡུས་ཚིག་གིས་བློ་ལྡན་སྙན་དུ་བསྒྲོན། །
བསམ་པ་བཟང་ན་ལས་ཀུན་དགེ་བའི་གཞི། །
མི་གཞི་བཟང་ན་ཀུན་གྱིས་བཀུར་བའི་གནས། །
ཐོས་བརྩོན་ལྡན་ན་རྒྱལ་ཁའི་གྲོགས་སུ་གྱུར། །
ཁོག་རྒྱ་ཡངས་ན་དོན་ཀུན་ངང་གིས་འགྲུབ། །
ཕ་མར་བཀུར་ན་ལས་དང་བསོད་ནམས་འཕེལ། །
བརྩོན་འགྲུས་ལྡན་ན་འབྲས་བཟང་ངང་གིས་སྨིན། །
སོ་ནམ་བགྱིས་ན་སྟོན་ཐོག་ལོས་ཀྱིས་ཡོང་། །
བསླུ་མེད་ཡིད་རྟོན་ཡོད་ན་མཛའ་བརྩེ་བརྟན། །
རྒྱལ་ཁབ་ཁྲིམས་ཀྱིས་བསྐྱངས་ན་སྤྱི་ཚོགས་རྒྱན། །
མི་རིགས་སྔོན་ཐོན་བྱུང་ན་རྒྱལ་ཁབ་རྒྱན། །
ཁྱིམ་ཚང་འཆམ་མཐུན་ཆེ་ན་སྡེ་པའི་རྒྱན། །
བུ་ཕྲུག་གཅེས་ལངས་མ་ཤོར་ཕ་མའི་རྒྱན། །
གཞོན་དུས་དཀའ་བའི་གནས་ལ་མ་འབད་ན། །
རྒས་དུས་འགྱོད་པ་བླུན་པོའི་ངང་ཚུལ་ཡིན། །
འབྱོར་དུས་ལོངས་སྤྱོད་ཆུད་ཟོས་གཏོང་བ་ནི། །
བསོད་ནམས་འཕྲོ་བརླག་གཏོང་བའི་བྱེད་གཏེ་ཡིན། །
ཡོན་ཏན་ཆེ་ཡང་ཀུན་སྤྱོད་མི་ལེགས་ན། །
མགོ་འཕང་མཐོ་བའི་དུག་གི་ལྗོན་ཤིང་འདྲ། །
གོ་ཐོབ་ཡོད་ཀྱང་དམངས་དོན་མ་བསམས་ན། །
དཔོན་གནས་མཐོ་ཡང་ཡོད་ཚད་སྟོང་པའི་རྒྱུ། །
རང་ཕན་གཞན་གནོད་བྱས་ན་ངོ་ཚ་ཡིན། །
སྤྱི་ཕན་ཀུན་སློང་ལྡན་ན་གཟི་བརྗིད་ཡིན། །
སྐྱོན་ལ་མཛུབ་མོ་འཛུགས་པ་ཤ་ཚའི་ཕྱིར། །
ངོ་བསྟོད་གཅམ་གསག་བྱེད་པ་བསླུ་བྱེད་ཡིན། །
ཆོས་བརྒྱད་དབང་དུ་མི་འགྲོ་དམ་ཚིག་དགོས། །
དུག་གསུམ་དབང་གིས་མི་ཁྱེར་བསླབ་ཁྲིམས་དགོས། །
དམ་པའི་མཛད་རྣམ་བཀའ་བཞིན་སྒྲུབ་པ་དེ། །
མཐར་ཐུག་བདེ་བའི་རྒྱུ་རུ་ཡང་དག་མཐོང་། །
སྐྱིད་ཀྱི་གཞི་མ་གཞན་ཕན་ལྷག་བསམ་ཡིན། །
གྱོད་ཀྱི་རུ་འདྲེན་ཁ་མང་བདག་འཛིན་ཡིན། །
གནས་ལུགས་དྲང་བདེན་བརྩི་བའི་མི་བུ་ནི། །
རྒྱལ་ཁའི་གཏང་རག་ལེན་པའི་དཔའ་བོ་ཡིན། །
བློ་དམན་བདག་གི་བསླབ་བྱའི་ལམ་ཡིག་འདི། །
རང་གཞན་བདེ་བའི་ཞེན་སྐུལ་དྲོན་མོ་ཡིན། །
ཚུལ་འདི་ཉམས་ལེན་གནད་དུ་འཛིན་པ་གཅེས། །
ཉེས་བཤད་ལོག་སྨྲ་ཡོད་ན་མཐོལ་ལོ་བཤགས། །
འབྲེལ་ཡོད་གསར་འགྱུར།