སྐྱིད་པའི་ཕ་ཡུལ་གངས་ལྗོངས།སྐྱིད་པའི་ཕ་ཡུལ་གངས་ལྗོངས།
གནམ་སྔོན་པོའི་བཞིན་རས་སྔོ་ཞིང་དྭངས། །
སྤྲིན་གསར་པའི་ལང་ཚོ་དཀར་ཞིང་གཙང་། །
སྨུག་ན་བུན་གཡོ་ཚུལ་མཛེས་ཤིང་སྡུག །
ཡུལ་སྐྱིད་པོའི་ངོ་མཚར་བརྗོད་ལས་འདས། །
ཤིང་ལྗོན་པ་ངོ་མཚར་འཇོ་སྒེག་ལེགས། །
ཆབ་བསིལ་མས་ཤང་ཤང་གླུ་དབྱངས་ལེན། །
མཛེས་མེ་ཏོག་ལྡེམ་ལྡེམ་གར་ལ་རོལ། །
ཡུལ་སྐྱིད་པོའི་ལང་ཚོ་ཡིད་དུ་འོང་། །
སྤང་བདེ་མོ་མེ་ཏོག་ཚོགས་ཀྱིས་མཛེས། །
མཚོ་ཆེན་པོ་གཡུ་ཞུན་འོད་ཀྱིས་མཚར། །
རི་མཐོན་པོ་ཤེལ་དཀར་ཟེར་གྱིས་བརྗིད། །
ཡུལ་སྐྱིད་པོ་ལྷ་ཡི་ཞིང་ཁམས་དངོས། །
ཆར་ཟིལ་མའི་མེ་ཏོག་དགུང་ནས་བཞད། །
འོད་འཇམ་པོའི་ཉིན་བྱེད་མཁའ་ནས་ཤར། །
དྲི་ཞིམ་པོའི་བསུང་ངད་གང་སར་འཐུལ། །
ཡུལ་སྐྱིད་པོའི་མཛེས་ལྗོངས་ལྟ་ན་སྡུག །
གངས་ལྷུན་པོའི་རྩེ་མོ་དགུང་ལ་ཟུག །
ཆུ་གཙང་པོའི་རླབས་ཕྲེང་མཁའ་ལ་འཕྱུར། །
མཛེས་སྣ་བརྒྱའི་མེ་ཏོག་སྡུག་གུར་བཀྲ །
ཡུལ་སྐྱིད་པོའི་མཛེས་པ་སྙིང་དུ་སྡུག །
ཆུ་ཆེན་པོ་མཐོན་པོའི་བྲག་ནས་འབབ། །
འཇའ་སྣ་ལྔ་ཨ་སྔོན་དབྱིངས་ནས་ཤར། །
བྱ་རི་དྭགས་བག་ཡངས་སྐྱིད་ལ་རོལ། །
ཡུལ་སྐྱིད་པོའི་བཀོད་པ་ཨེ་མ་མཚར། །
བྱ་ཁུ་བྱུག་རྒྱ་རྫོང་ནགས་ནས་གྲགས། །
སྦྲང་ནོར་བུ་རྩི་ཏོག་བཅུད་ལ་རོལ། །
འབུ་ཕྱེ་ལེབ་འཕུར་ལྡིང་གར་ལ་རྩེན། །
མི་ང་རང་མེ་ཏོག་ཁྲོད་དུ་སྐྱིད། །
འབྲེལ་ཡོད་གསར་འགྱུར།