དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྤྱང་ཀི་སླེབས་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-31

    གནའ་སྔ་མོར། ས་ཆ་ཞིག་ཏུ་ལུག་རྫི་ཆུང་ཆུང་ཞིག་ཡོད་ཅིང་། ཁོས་ཉིན་མོ་ལུག་ཁྱུ་རི་འདབས་སུ་འཚོ་བ་དང་། དགོང་དྲོ་ལུག་ཁྱུ་ལྷས་རར་བཅུག་རྗེས་ཁོ་ལ་ཁེར་རྐྱང་གི་ཚོར་བ་ཞིག་ངང་གིས་སྐྱེ་གི་ཡོད། དེ་ལྟར་ཟླ་བ་དུ་མ་ཞིག་འདས་ཀྱང་ཁོས་སྤྱང་ཀི་ཡེ་ནས་མཐོང་མ་མྱོང་སྟབས། ཉིན་ཞིག་ལ། ཁོས་ལུག་ཁྱུའི་ཁྲོད་དུ་སྤྱང་ཀི་སླེབས་པའི་འཁྲབ་སྟོན་ཞིག་བྱེད་རྒྱུའི་བློ་ཐག་བཅད་དེ། ཁ་ནས། སྤྱང་ཀི་སླེབས་བྱུང་། སྤྱང་ཀི་སླེབས་བྱུང་། སྤྱང་ཀི་ལུག་ཁྱུའི་ཁྲོད་དུ་བརྒྱུགས་ནས་ལུག་གཉིས་བསད་སོང་ཞེས་སྐད་བརྒྱབ། ཁོའི་སྐད་སྒྲ་ཡུལ་མི་ཚོས་ཐོས་འཕྲལ། ཡུལ་མི་ཚོས་དེ་མ་ཉིད་དུ་དངངས་འཚབ་དང་བཅས་སྤྱང་ཀི་བདའ་བར་རྒྱུག་ཡོང་བ་ན། སྤྱང་ཀི་མེད་པར་མ་ཟད། ལུག་རྫི་ཆུང་ཆུང་དེས་བཞད་གད་དང་བཅས། ངས་ཁྱེད་ཚོར་མགོ་སྐོར་བཏང་བ་ཡིན། འདིར་སྤྱང་ཀི་མི་འདུག ཧ་ཧ་ཧ། འདི་འདྲའི་སྐྱིད་པ་ལ། ངས་ད་ལྟའི་བར་དུ་གད་མོ་འདི་འདྲ་ཞིག་བགད་མ་མྱོང་ཞེས་བཤད།

    ཁོས་དེ་ལྟར་ཡུལ་མི་རྣམས་ལ་མགོ་སྐོར་ཐེངས་གཉིས་ཙམ་བཏང་བ་དང་། ཡུལ་མི་རྣམས་ཀྱང་ཁོའི་འབོད་སྐད་ཐོས་ཐེངས་རེར་སྤྱང་ཀི་བདའ་བར་བརྒྱུགས་ཡོང་ནའང་། ལུག་རྫི་ཆུང་ཆུང་གིས་མགོ་སྐོར་བཏང་བ་ཤེས་ཏེ་སྤྱང་ཀི་གཏན་ནས་མཐོང་རྒྱུ་མེད་སྟབས། ཁོས་ཡང་ང་ཚོར་མགོ་སྐོར་བཏང་འདུག་ཟེར་བཞིན་གྲོང་ཚོར་ལོག

    ཉིན་ཞིག་གི་ཞོཌ་པར་དངོས་གནས་ལུག་ཁྱུའི་ཁྲོད་དུ་སྤྱང་ཀི་བརྒྱུགས་བྱུང་། ལུག་རྫི་ཆུང་ཆུང་དེས་དངངས་སྐྲག་ཆེན་པོས། སྤྱང་ཀི་སླེབས་བྱུང་། སྤྱང་ཀི་སླེབས་བྱུང་། མགྱོགས་པོ་ཤོག སྤྱང་ཀིས་ལུག་གསུམ་བསད་སོང་། མགྱོགས་པོ་ང་ལ་རོགས་པ་བྱོས་ཞེས་སྐད་ག་ཚོད་བཏང་ཡང་། ཡུལ་མི་རྣམས་ཀྱིས་ཁོས་ང་ཚོར་མགོ་སྐོར་ཐེངས་གསུམ་བཏང་ནས་ད་ཐེངས་ཡང་མགོ་སྐོར་གཏོང་གི་ཡོད་པ་རེད་ཅེས་ཟེར་ཞོར་ཁྱིམ་དུ་ལྷོད་ལྷོད་ངང་སྡོད་པ་ལས་ཁོ་ལ་ཁ་ཡ་མ་བྱས།

    ལུག་རྫི་ཆུང་ཆུང་དེས་སྤྱང་ཀི་འགོག་མ་ཐུབ་སྟབས། ལུག་མང་པོ་སྤྱང་ཀིའི་ཁ་ཟས་སུ་གྱུར་པར་སེམས་རབ་ཏུ་སྡུག་སྟེ། ཐོག་མ་ནས་ངས་དམངས་ལ་མགོ་སྐོར་བཏང་མེད་ན་ཅི་འདྲའི་དགའ་ཨང་སྙམ་བཞིན་གནོང་འགྱོད་དྲག་པོས་ངུས་ནས་བསྡད་དོ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།