བྱིས་དུས་ཀྱི་སྣང་བ།
སྣ་གླུ་ལེན་བཞིན་མིག་འཛུམ་ངོམ། །
རྒྱུ་མཚན་མེད་པར་ཀི་འབོད་བྱེད། །
རི་ལྡེབས་ཉུལ་ནས་རི་དྭགས་འདེད། །
ཐང་ལ་ཉལ་ནས་རྩེད་འཇོར་རོལ། །
སྲོད་ལ་འདུས་ཏེ་མཚར་གཏམ་མོལ། །
ཟླ་འོད་འོག་ནས་གླུ་དབྱངས་ལེན། །
སྐར་མའི་མཛེས་སྡུག་མིག་གིས་ལྟ། །
སྤྲིན་གྱི་རང་མདངས་ཡིད་དུ་སྦྲུམ། །
དགུན་ཟླ་ཚེས་ཀྱང་གཅེར་བུར་རྒྱུག །
ཁ་བའི་ཁྲོད་ནས་བྱེའུ་ཆུང་འཛིན། །
སེམས་ལ་ཆགས་སྡང་གྲིབ་མ་མེད། །
གུ་ཡངས་རྡོག་པས་རི་ལུང་བརྒལ། །
སྣང་བའི་འཇིག་རྟེན་ཉམས་སུ་མྱོང་། །
འོད་ཀྱི་གཤོག་པར་ལག་འཇུ་གནང་། །
མཚར་སྡུག་རི་མོ་སྙིང་ཁར་དཔར། །
ལང་ཚོའི་ལོ་ཟླ་དགའ་སྤྲོས་བསྐྱལ། །
དཀར་གཙང་མི་ཚེ་སྐྱིད་ལ་གཞོལ། །
འབྲེལ་ཡོད་གསར་འགྱུར།