ཚ་བོར་གདམས་པ།
ཚ་བོ་ད་ལོ་སློབ་ཆུང་གི །
ལོ་རིམ་དང་པོའི་སློབ་མ་རེད། །
ཚ་བོའི་འགྲོ་འདུག་སྤྱོད་གསུམ་ལ། །
རྒན་པོས་བསླབ་བྱ་ཚིག་གསུམ་འཆད། །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
དགེ་རྒན་བཟང་པོའི་བཀའ་ལ་ཉོན། །
ཤེས་བྱ་རིག་པའི་གནས་ལ་འབུངས། །
ན་མཉམ་སློབ་མར་འཆམ་མཐུན་གྱིས། །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
ལུས་པོའི་སྦྱོང་བརྡར་རྒྱུན་འཁྱོངས་གྱིས། །
ངག་གིས་དབྱངས་གསལ་སོ་བཞི་གྱེར། །
ཡིད་ཀྱི་འདོད་བློ་སློབ་ལ་ཁུག །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
ལུས་ཀྱིས་བྱེད་སྒོ་ཁག་ལ་ཞུགས། །
ངག་གིས་སྙན་ངག་དབྱངས་རྟར་བཞོན། །
ཡིད་ཀྱིས་མི་ཆོས་གཙང་མ་སྲུངས།
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
ལུས་ཀྱིས་སློབ་གྲྭའི་སྒྲིག་ལམ་སྲུངས། །
ངག་གིས་སྐད་ཡིག་སྣ་ཚོགས་སྦྱོངས། །
ཡིད་ཀྱིས་སེམས་པ་གཞུང་དྲང་གྱིས། །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
ལུས་ཀྱིས་གཞུང་རྒྱུར་གཅེས་སྤྲས་གྱིས། །
ངག་གི་སྨྲ་བརྗོད་འཇམ་པོ་དགོས། །
ཡིད་ཀྱི་རང་གཤིས་བཟང་པོ་དགོས། །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
ལུས་ཀྱི་བདེ་འཇགས་དང་པོར་ཞོག །
ངག་གིས་གང་བྱུང་མ་ཤོད་ཅིག །
ཡིད་ཀྱིས་མ་རུང་མ་སོམས་ཤིག །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
ལུས་ཀྱིས་མ་བྱིན་ལེན་པ་སྤོངས། །
ངག་གི་རྫུན་དང་ཚིག་རྩུབ་སྤོངས། །
ཡིད་ཀྱིས་ངན་སེམས་གནོད་སེམས་སྤོངས། །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
ལུས་ཀྱི་ཀུན་སྤྱོད་གཙང་མ་དགོས། །
ངག་གི་སྨྲ་བརྗོད་གཙང་མ་དགོས། །
ཡིད་ཀྱི་སེམས་པ་བཟང་པོ་དགོས། །
ཚ་བོ་སློབ་གྲྭར་སོང་བའི་རྗེས། །
བསླབ་བྱ་འདི་དག་ཉན་སོང་ན། །
སློབ་གྲྭའི་སྒོ་འགྲམ་སྡོང་རྒན་འོག །
མེས་པོ་རྒས་ཀྱང་གནོང་འགྱོད་མེད། །
འབྲེལ་ཡོད་གསར་འགྱུར།