འཕྱོངས་རྒྱས་སློབ་གསོའི་འཕོ་འགྱུར་ཨེ་མ་མཚར།
སྟོན་རླུང་བསིལ་བུ་དལ་བུར་ལྡང་ཞིང་། འབྲུ་རིགས་སྣ་ལྔའི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ། དབྱར་གསེང་ལ་རྫོགས་ཤད་འཐེན་ལ་ཁད་ཀྱི་ཉིན་ཤས་གོང་། ངས་རང་གི་ནང་མི་དང་གཉེན་ཉེ་ཁྲིད་ནས་གཙང་ལྗོངས་དགའ་བའི་སྐྱེད་ཚལ་དུ་ཡུལ་སྐོར་ལ་ཕྱིན་པ་ཡིན། ལམ་རྒྱུད་དུ་ངེད་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་ཁག་བཞི་དང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་དྲུག ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་བཞི་ཙམ་བརྒྱུད་ཡོད། ང་ཚོ་སླེབས་སའི་ས་ཆ་གང་སར་མ་གཞི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། བརྗིད་ཉམས་ལྡན་པའི་གནའ་བོའི་བཟོ་སྐྲུན། དེང་རབས་ཀྱི་བ་གམ་ཁང་ཆེན་སོགས་ལྟ་བས་མི་ངོམས་པའི་མིག་གི་དགའ་སྟོན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། རེ་རེ་བཞིན་ཡིག་ཐོག་ཏུ་འགོད་པའི་ངལ་བ་མ་བརྩམས།
འོན་ཀྱང་། རི་ཀླུང་སྒང་གཤོང་མེད་པར་སྣུམ་ནག་གི་ལམ་ཆེན་དང་། ཟམ་ཆེན། ཕུག་ལམ་བསྐྲུན་པ་དེ་དག་ནི་ཁོད་སྙོམས་ལ་ངོས་འཇམ་ཞིང་། འདི་ནི་དུས་རབས་གསར་པའི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། སྐྱེ་ཁམས་བཅས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་དང་། བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྙེག་པའི་ལམ་བཟང་རང་ལགས།
ཐེངས་འདིའི་ལྗོངས་རྒྱུའི་ལམ་རྒྱུད་དུ་གྲོང་ཁྱེར་དང་། རྫོང་གྲོང་། ཤང་གྲོང་། དེ་བཞིན་གཞི་ཁྱོན་མི་འདྲ་བའི་རང་བྱུང་གྲོང་ཚོ། ཁེ་ལས་བཟོ་གྲྭ་སོགས་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་མཐོང་ཆོས་སུ་གྱུར་པའི་ཁྲོད། ང་རང་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི་གྲོང་ཁྱེར་གང་ཞིག་དང་། རྫོང་གྲོང་གང་ཞིག ཤང་གྲོང་གང་ཞིག རང་བྱུང་གྲོང་ཚོ་གང་ཞིག་ཏུ་སླེབས་ཀྱང“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི”སྤྲོ་སེམས་འཁོལ་བའི་རྣམ་པ་འདི་རེད།
ང་རང་ཤང་གྲོང་གི་དགེ་རྒན་ཞིག་ཡིན་པའི་ངོས་ནས། ལམ་རྒྱུད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། བུ་བཅོལ་ཁང་གི་བཟོ་བཀོད་དང་ཆགས་དབྱིབས། གཞི་ཁྱོན་བཅས་ལ་དོ་སྣང་ཆེན་པོ་བྱེད་པར་ཐལ། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་ཞིག་ནས་ཤང་གྲོང་རིམ་པའི་སློབ་ཆུང་ཞིག ཤང་གྲོང་རིམ་པའི་སློབ་ཆུང་ཞིག་ནས་རྫོང་རིམ་པའི་སློབ་ཆུང་ཞིག་དང་སློབ་འབྲིང་ཞིག རྫོང་རིམ་པའི་སློབ་འབྲིང་ཞིག་ནས་གྲོང་ཁྱེར་རིམ་པའི་སློབ་འབྲིང་དང་བུ་བཅོལ་ཁང་སོགས་ཀྱི་ཆགས་སྟངས་རེ་རེ་དང་བརྗིད་ཉམས་རེ་རེ་ང་རང་གི་མིག་ལམ་དུ་འཆར་དུས། དངོས་གནས་རང་རེའི་ཏང་དང་རྒྱལ་ཁབ་འདི་ཉིད་ཅི་འདྲའི་རླབས་ཆེ་བ་ལ་ཨང་། སློབ་གྲྭ་དེ་དག་ནས་ཏང་དང་རྒྱལ་ཁབ་དང་། མི་དམངས་དང་མི་རིགས་ལ་ཕན་པའི་ཤེས་ལྡན་པ་ག་ཚོད་དང་ག་ཚོད་གསོ་སྐྱོང་བྱས་ཡོད་དམ་སྙམ་སྟེ། སྙིང་ཁོང་རུས་པའི་གཏིང་ནས། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པའི་གཏན་ཚིགས་ཀྱི་ཆོད་སྡོམ་ལ་གཏིང་ཟབ་པའི་གོ་བ་དང་ངེས་ཤེས་རྙེད། དུས་སྐབས་འདིར་མ་གཞི་ས་ཡུལ་མི་འདྲ་བ་དང་། གཞི་ཁྱོན་མི་འདྲ་བ། ཁྱབ་ཁོངས་མི་འདྲ་ཡང་། མ་གིའི་བུ་བཅོལ་ཁང་ནས་ཡ་གིའི་སློབ་ཆེན་བར་དུ། ཚང་མས་རྟེན་འབྲེལ་ཆེན་མོ་བསུ་བའི་རྣམ་པ་ནི་ཡངས་པའི་སྐྱེད་མོས་ཚལ་དུ་རང་རང་གི་ལང་ཚོའི་མཛེས་པ་ངོམ་བཞིན་པའི་མེ་ཏོག་གི་ཚོགས་དང་ཡོངས་སུ་མཚུངས།
དེ་ཡང་། སྤྱི་ལོ་1985ལོའི་གོང་དུ། འཕྱོངས་རྒྱས་རྫོང་ཁོངས་སུ་ཆ་ཚང་སློབ་ཆུང་གཅིག་དང་གཞུང་བཙུགས་དམའ་རིམ་སློབ་ཆུང་གསུམ་ཡོད། དམངས་བཙུགས་སློབ་གྲྭ་ཁག་21ཙམ་ཡོད་པའི་ནང་། གཞུང་བཙུགས་སློབ་གྲྭའི་དགེ་རྒན་རྣམས་གཞི་རྩའི་ཆ་ནས་སྒྲིག་གཞིའི་ནང་ཁོངས་ཀྱི་མི་སྣ་ཡིན་པ་དང་། དམངས་བཙུགས་སློབ་གྲྭ་ཁག་གི་དགེ་རྒན་ཕལ་མོ་ཆེ་ནི་གནས་སྐབས་ཀྱི་གདན་ཞུའི་དགེ་རྒན་ཤ་སྟག་རེད། འཕྱོངས་རྒྱས་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་། སློབ་གསོ་ཅུས་བཅས་ཀྱི་འགོ་ཁྲིད་འོག སློབ་གྲྭ་ཁག་གི་སློབ་ཁྲིད་ཆ་རྐྱེན་དང་དགེ་རྒན་གྱི་དཔུང་ཁག་ལ་སྒྱུར་བཅོས་གང་ལེགས་བྱས་ཏེ། སློབ་གྲྭའི་སྒྲིག་གཞི་ཁག་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། འཕྱོངས་རྒྱས་སློབ་གསོས་དམངས་ཀྱི་སློབ་གསོ་དམངས་ཀྱིས་གཉེར་བའི་རྩ་དོན་རྒྱུན་འཁྱོངས་བྱས་པར། ལོ་དྲུག་གི་འོས་འགན་སློབ་གསོའི་རྩིས་ལེན་ནང་གྲུབ་འབྲས་མི་དམན་པ་བཏོད་པ་མ་ཟད། ལྷག་པར་དུ། ལོ་དགུའི་འོས་འགན་སློབ་གསོའི་རྩིས་ལེན་ནང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། འཕྱོངས་རྒྱས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་ས་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།
དུས་རབས་གསར་པའི་དུང་བརྡ་གྲགས་པ་དང་བསྟུན་ནས། འཕྱོངས་རྒྱས་ཀྱི་སློབ་གསོར་གསོན་ཤུགས་གསར་པ་འཕེལ་ཡོད། འཕྱོངས་རྒྱས་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་མཛུབ་ཁྲིད་དང་། འཕྱོངས་རྒྱས་རྫོང་སློབ་གསོ་ཅུས་ཀྱི་འགོ་ཁྲིད་འོག འཕྱོངས་རྒྱས་སློབ་གསོར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ། བྱང་ཚད་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་དོན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དང་། སློབ་གསོ་དོ་སྙོམས་ལས་དོན་ལ་གྲོང་ཁྱེར་རིམ་པ་དང་ལྗོངས་རིམ་པའི་རྩིས་ལེན་བདེ་བླག་བྱུང་བ། ད་ལྟ་ཕྱོགས་ཡོངས་ནས་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་ཐུབ་པར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་ལྟ་བུའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རི་མོ་ཚར་དུ་དངར་བ་བྲིས་ཡོད་ཅིང་། ཏང་དང་རྒྱལ་ཁབ་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འགྲོ་སོང་ཕོན་ཆེན་བཏང་སྟབས། བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་འཕེལ་རྒྱས་ཀྱི་དུས་མཚམས་དེ་ལོ་རྒྱུས་ཀྱི་གོ་སྐབས་བཟང་ཤོས་སུ་སླེབས་པ་དང་བསྟུན་ནས། འཕྱོངས་རྒྱས་སློབ་གསོར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཐོབ་སྟེ། མིག་སྔར། འཕྱོངས་རྒྱས་རྫོང་དུ་སློབ་འབྲིང་གཅིག་དང་། གྲོང་རྡལ་རིམ་པའི་ཆ་ཚང་སློབ་ཆུང་གཅིག ཤང་གྲོང་རིམ་པའི་ཆ་ཚང་སློབ་ཆུང་གཉིས། རྫོང་རིམ་པའི་བུ་བཅོལ་ཁང་གཅིག གྲོང་ཚོ་རིམ་པའི་བུ་བཅོལ་ཁང་21ཡོད་པ་ཚང་མ་གཞུང་བཙུགས་སློབ་གྲྭ་ཤ་སྟག་ཡིན་ཞིང་། ད་ལྟའི་བར། འཕྱོངས་རྒྱས་སློབ་གསོས་ཏང་དང་རྒྱལ་ཁབ་དང་། མི་རིགས་དང་མི་དམངས་ལ་རྔོ་ཐོགས་པའི་མི་གསར་སྟོང་ཕྲག་དུ་མ་གསོ་སྐྱོང་བྱས་ཡོད་པ་ཁོང་ཚོས་རང་ཉིད་ཀྱི་ལས་གནས་བརྟན་པོར་བསྲུངས་ཏེ། སྤྱི་ཚོགས་ལ་སྲི་ཞུ་དང་ཞབས་འདེགས། ལེགས་སྐྱེས་གང་ནུས་ཕུལ་དང་འབུལ་བཞིན་ཡོད་ལ། སློབ་གྲྭ་ཁག་གི་ཕྱིའི་བཟོ་སྐྲུན་ནས་ནང་གི་སློབ་གསོའི་སྤུས་ཚད་གང་སར་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་མུས་ལགས།
འབྲེལ་ཡོད་གསར་འགྱུར།