དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གསོམ་སྡོང་།

    པད་མ་རྡོ་རྗེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-17

    ང་ཚོའི་གྲོང་ཚོའི་རྒྱབ་རི་ནི་ལྗོན་ཤིང་སྣ་ཚོགས་སྐྱེས་ཡོད་པའི་ནགས་རི་ཞིག་ཡིན་ཞིང་། འདབ་ཆགས་དང་རི་དྭགས་ཀྱང་མང་པོ་འཚོ་གནས་བྱེད་སའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཡིན། དེ་བས་བདག་ནི་རྒྱུན་དུ་རྒྱབ་རིའི་ནགས་ཚལ་དུ་འཆམ་འཆམ་ལ་འགྲོ་བར་དགའ་ཞིང་། དེ་ཡང་གོམས་གཤིས་སུ་ཆགས་ཡོད།

    དེ་དང་ཐག་མི་རིང་བའི་བྲག་སྣ་ཞིག་ཏུ་གསོམ་སྡོང་ཞིག་སྐྱེས་ཡོད་པ་དེའི་སྟེང་ན་འདབ་ཆགས་མེད་ལ། སྡོང་རྩ་ན་རི་དྭགས་ཀྱང་མེད་པར་ཁེར་རྐྱང་དུ་གནས་ཡོད། ཡིན་ནའང་དེའི་རྩ་བ་བྲག་རིར་ཟུག་ཅིང་། སྦོམ་ལ་དཔངས་མཐོ་བ་དང་། ཡལ་ག་རབ་ཏུ་རྒྱས་ཏེ་བརྗིད་ཉམས་ལྡན་པའི་སྒོ་ནས་ནམ་མཁའི་དབྱིངས་སུ་སྙེག་ནས་ཡོད།

    དེ་ཡང་དགུན་དུས་སུ་སླེབས་ཚེ། བྱང་རླུང་འུར་འུར་དུ་ལྡང་ཞིང་། ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་བབས་ནས་ཁོ་ར་ཁོར་ཡུག་ཀུན་ཏུ་ཁ་བས་གཡོགས་པ་དང་། དགུན་གསུམ་གྱི་ལྷགས་པས་མཛེས་སྡུག་གི་མེ་ཏོག་བཅོམ་ཞིང་། རྩྭ་ལྗང་གི་ལོ་མ་སྐེམ་པར་བྱེད་པ་དང་། བུང་བའི་ཁྱུ་ཚོགས་དང་ཕྱེ་མ་ལེབ་རྣམས་ཀྱི་དགའ་བའི་གླུ་དང་སྐྱིད་པའི་བྲོ་ཡང་གར་སོང་ཆ་མེད་དུ་གྱུར། ལྕང་མ་དངངས་ཤིང་འདར་ནས་མྱ་ངན་གྱི་སྨྲེ་སྔགས་འདོན་པར་བྱེད། ཡིན་ནའང་། དུས་བཞིར་འགྱུར་བ་མེད་ལ། རང་ཚུགས་བརྟན་པའི་གསོམ་སྡོང་གིས་སྔར་བཞིན་སྔོ་ལྗང་གི་གོས་བཟང་བཀླུབས་ཤིང་། ཡལ་གའི་ལོ་མ་ཕྲ་མོ་ཕྱོགས་བཞིར་རྐྱོང་བཞིན། ཁ་བ་དང་གྲང་རླུང་གི་ཁྲོད་དུ་ཅི་མི་སྙམ་པར་འགྱིང་ཉམས་དང་བཅས་ཏེ་གནས་པ་ནི་ཡུལ་འདི་གའི་རྒྱན་དུ་གྱུར་ཡོད།

    གསོམ་སྡོང་གི་ས་བོན་བྲག་གསེབ་དང་རྫ་གསེང་དུ་ཐོར་བ་ན། ས་གཤིན་པོ་ཡིན་མིན་ལ་མ་བལྟོས་པར་རང་དགར་སྐྱེ་ཐུབ་ཅིང་། དེ་ལ་ཆུ་འདྲེན་མི་དགོས་ལ་ལུད་ཀྱང་རྒྱག་མི་དགོས། རང་ཉིད་ས་ལ་ཐོར་བ་ཙམ་གྱིས་གནོད་འཚེ་གང་དང་གང་ལའང་མི་འཇིགས་པར་དཔའ་ངར་ལྡན་པའི་ངང་ནས་སྐྱེ་ཐུབ་ལ། མི་རྣམས་ཀྱི་ངལ་རྩོལ་ལ་ཅུང་ཙམ་ཡང་མི་བརྟེན་པར་རྒྱས་ཐུབ་པ་མ་ཟད། དུས་ཡུན་རིང་པོར་གསོན་ཐུབ། གསོམ་སྡོང་ལ་ཕན་ནུས་མང་པོ་ཡོད་པ་དཔེ་ཙམ་དྲངས་ན་འདི་ལྟ་སྟེ། དེ་ནི་ཁང་པ་རྒྱག་བྱེད་ཀྱི་ཤིང་ཆ་བྱས་ཆོག་པ་དང་། འཛིན་ཆས་བཟོ་བྱེད་ཀྱི་རྒྱུ་ཆའང་བྱས་ཆོག་ལ། ནམ་རྒྱུན་གྱི་འཚོ་བའི་ཐད་ལའང་མཁོ་གལ་ཤིན་ཏུ་ཆེ་བ་སྟེ། དེའི་ལོ་མ་ལས་སྣུམ་བཙགས་ཆོག་པ་དང་། ཁུ་བ་ལས་ཐང་ཆུ་དང་ཐང་ཆུ་དྭངས་མོ་བཟོ་ཐུབ་པས། བཟོ་ལས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། དེའི་རྩ་བ་དང་ཡལ་ག་ནི་བུད་ཤིང་ཡང་བྱས་ཆོག དབྱར་ཁ་ཚ་བ་ཆེ་བའི་དུས་སུ་མི་རྣམས་ཀྱིས་དེའི་འོག་ཏུ་ངལ་གསོ་རྒྱག་ཆོག་པ་མ་ཟད། མཚན་མོ་ལམ་དུ་འགྲོ་སྐབས་དེའི་ཡལ་དུམ་ལ་མེ་སྤར་ནས་མུན་པ་སེལ་བའི་དཔལ་འབར་ཡང་བྱས་ཆོག མདོར་ན། གསོམ་སྡོང་ནི་མི་རྣམས་ཀྱིས་འདེབས་འཛུགས་དང་གསོ་སྐྱོང་སོགས་བྱེད་མི་དགོས་ནའང་། གསོམ་སྡོང་གིས་མི་རྣམས་ལ་ཕན་ཐོགས་ཤིང་མིའི་རིགས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་ཚད་སྐྱེས་སུ་འབུལ་གྱི་ཡོད།

    གསོམ་སྡོང་དང་བསྡུར་ན། མི་ཁ་ཤས་ལ་དེའི་ཡོན་ཏན་གྱི་ཆ་ཙམ་ཡང་མི་ལྡན་པ་སྟེ། དཔེར་ན། དཀའ་ངལ་དང་ཐུག་ཚེ་ཁྱད་དུ་གསོད་མི་ཐུབ་པར་མགོ་བོ་རྨོངས་ནས་གཞན་ཟེར་ཁོ་ནའི་རྗེས་སུ་འབྲངས་ནས་ཀུ་ཅོ་སྒྲོག་པ་དང་། སྤྱི་དོན་དོར་ནས་སྒེར་དོན་སྒྲུབ་པ་སོགས་ཀྱི་བྱ་སྤྱོད་ནི་གསོམ་སྡོང་གི་གཤིས་རྒྱུད་དང་བསྡུར་ན་གཏན་ནས་མི་མཐུན་པ་ཡིན། དེས་ན། ང་ཚོས་གསོམ་སྡོང་ལྟར་དུས་ནམ་ཡིན་ཡང་དཀའ་ངལ་ལ་མི་སྐྲག་ཅིང་། དོན་གལ་ཆེན་ལ་ཐུག་ཚེ་བསམ་བློ་ཞིབ་ཏུ་གཏོང་བ་ལས་གཞན་ཟེར་གྱི་རྗེས་སུ་མི་འབྲང་བ། སྒེར་དོན་ལས་སྤྱི་དོན་གཙིགས་སུ་འཛིན་པ་བཅས་བྱས་ན། ད་གཟོད་མི་དམངས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་ཐུབ། དེའི་ཕྱིར། བདག་ནི་གསོམ་སྡོང་ལ་ཧ་ཅང་དགའ་ཞིང་། དེའི་འགྲན་ཟླ་བྲལ་བའི་སྙིང་སྟོབས་ལ་ཚེ་གང་པོར་སློབ་སྦྱོང་ཞུ་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།