དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཀ་བཤད་སྙིང་གི་གདམས་ངག

    ཕན་ཤུལ་འཆི་མེད་དབང་འདུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-17

    ཀ་ཁའི་དགེ་རྒན་ཐོག་མར་བསྟེན་བྱས་ཏེ། །

    ཀ་སོགས་སྦྱང་ཤིང་སྟེང་ནས་ལེགས་བྲིས་ན། །

    ཀ་ཁའི་ལག་གསར་ཚོགས་སུ་ཚུད་གྱུར་ནས། །

    ཀཱ་ལི་སུམ་ཅུའི་འབྲི་ཀློག་ཐོག་མར་ཤེས། །


    ཀ་ཡིག་ལྟ་བུར་མཚོན་ནས་ཞུས་ན་ནི། །

    ཀ་ཐིག་ནང་དུ་མགོ་དང་མཆེ་བ་དང་། །

    ཀ་ཡི་དབུས་ལག་རྐང་པ་ཕྱི་སུག་ཅན། །

    ཀ་མཇུག་ཚེག་སོགས་སྨྱུག་རིམ་དང་བཅས་སྦྱངས། །


    ཀ་ཁ་ཟློས་ཧྲལ་ཚུགས་རིང་ལ་སོགས་པ། །

    ཀ་པ་ཁ་པའི་གོ་རིམ་མ་འཕྱུགས་པར། །

    ཀ་ཀོར་མེད་པར་བརྩོན་པས་སྦྱངས་བྱས་ན། །

    ཀ་རྡོ་བཞིན་དུ་རྨང་གཞི་བརྟན་པ་ཡིན། །


    ཀ་རྐྱང་དང་ནི་ར་མགོ་ལ་མགོ་དང་། །

    ཀ་ཡིག་ས་མགོ་ཅན་གྱི་ཁྱད་པར་སོགས། །

    ཀ་ནས་བཟུང་སྟེ་བརྡ་དག་ལེགས་བསྟེན་ན། །

    ཀ་བ་འཕན་གྱིས་བརྒྱན་པ་ལྟར་དུ་འགྱུར། །


    ཀ་སོགས་ཡི་གེའི་སྦྱོར་བ་རྟོགས་རྗེས་སུ། །

    ཀ་བ་བུམ་པ་ལ་སོགས་མིང་རྐྱང་དང་། །

    ཀ་བ་རིང་པོ་ཞེས་སོགས་ཚིག་རྣམས་དང་། །

    ཀ་བས་གདུང་མ་བཏེགས་སོགས་བརྗོད་པ་སྦྱོངས། །


    ཀྭ་ཡེ་ད་དུང་ཕྲད་དང་རྣམ་དབྱེ་སྟེ། །

    ཀ་བའི་ཞེས་པས་འབྲེལ་ཡུལ་སྟོན་པ་དང་། །

    ཀ་བས་ཞེས་པས་བྱ་བ་སོགས་སྟོན་པ། །

    ཀུ་ཤའི་རྩེ་ལྟར་མ་ནོར་སྦྱོང་བར་བྱ། །


    ཀ་ཅ་ཞེས་སོགས་སྔོན་གྱི་བརྡ་རྙིང་དང་། །

    ཀ་དམ་པ་སོགས་མངོན་པར་བརྗོད་པ་དང་། །

    ཀ་ཏ་པུར་ཞེས་ག་པུར་ལེགས་སྦྱར་སོགས། །

    ཀ་ཤུ་ཀ་ཡིས་གསེར་ལྟར་ལེགས་པར་དབྱེ། །


    ཀྭ་ཡེ་དེ་ལྟར་ཡོན་ཏན་གཞི་བཏིང་ན། །

    ཀ་ལ་པ་སོགས་སྒྲ་ཡི་རིག་པ་དང་། །

    ཀ་ཁོལ་མ་སོགས་ལོ་རྒྱུས་ཆོས་འབྱུང་དང་། །

    ཀ་རི་ཀཱས་བཅིངས་གཞུང་ཆེན་རྣམས་ཀྱང་ཤེས། །


    ཀ་ཐོར་བཀོད་པ་འདི་ལྟར་སྐྱོང་ནུས་ན། །

    ཀ་ཅོག་ཞང་གསུམ་ལོ་ཙཱའི་མཁྱེན་པ་དང་། །

    ཀ་ཐོག་རིག་འཛིན་རྟོགས་པ་བརྙེས་གྱུར་ཏེ། །

    ཀ་དག་གནས་ལུགས་རིམ་གྱིས་རྟོགས་པར་གྱུར། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།