དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • རྫ་ཡུལ་གྱི་ཡུལ་ལྗོངས་ལ་བསྔགས་པའི་ཀ་བཤད།

    བསོད་ནམས་དབང་ཕྱུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-17

    ཀ་མ་ལ་དང་སྟག་མའི་མེ་ཏོག་སོགས། །ཁ་དོག་སྣ་ལྔའི་རི་ལུང་ངོ་མཚར་ཅན། །ག་སར་མཛེས་སྡུག་ངོམ་པའི་ཡུལ་ལུང་དེ། །ང་ཡིས་མཐོང་མ་ཐག་ཏུ་ཡིད་དབང་འཕྲོག །ཅ་ལག་སྤུངས་པའི་དཀར་གཙང་ཁང་གསར་ནང་། །ཆ་སྒམ་ལ་སོགས་འཛིན་ཆས་སྤུས་དག་ཅིང་། །ཇ་ཆང་ལོངས་སྤྱོད་ཅི་དགར་རོལ་བཞིན་དུ། །ཉ་ཉོག་བྲལ་བའི་འཚོ་བ་གསར་པར་རོལ། །ཏ་ལེར་འོད་སྣང་འཕྲོ་བའི་གློག་བཞུ་ལས། །ཐ་དད་ཁྱིམ་ཚང་མ་ལུས་འོད་ཀྱིས་གསལ། །ད་དུང་ཞིང་ལས་འཕྲུལ་ཆས་སྤྱོད་པ་ལ། །ན་གཞོན་རྣམས་ཀྱིས་ཧབ་ཐོབ་ཤིག་ཤིག་བྱེད། །པ་ཊའི་རིས་ལྟར་མཛེས་པའི་གྲོང་ཚོ་རྣམས། །ཕ་མཐའ་ཡས་པའི་གདོད་མའི་ནགས་འགྲམ་གནས། །བ་ཚྭའི་དྲི་བྲལ་ཡན་ལག་བརྒྱད་ལྡན་ཆབ། །

    མ་འགག་ལྷུང་ལྷུང་སྒྲ་བཅས་རང་བཞིན་རྒྱུ། །ཙ་ཌ་ལ་སོགས་ལྗོན་ཤིང་སྣ་ཚོགས་པ། །ཚ་གདུག་དབེན་པའི་ལུང་ཤུར་རིང་མོའི་ནང་། །ཛ་དྲག་གཅན་གཟན་སྟག་གཟིག་དོམ་དྲེད་དང་། །ཝ་དང་སྤྲེའུ་ལ་སོགས་བགྲང་མི་ལང་། །ཞ་ཉེའི་མདོག་ལྟར་གཡང་གཟར་བྲག་རིའི་འདབས། །ཟ་མཁས་འཐུང་མཁས་དེ་གའི་ཡུལ་མི་རྣམས། །འ་ཅག་རྫ་ཡུལ་ལུང་པར་གནས་བཅའ་བ། །ཡ་ཆུང་སྙིང་གི་དབུས་ནས་དགའ་བ་ཚོར། །ར་བ་ནགས་ཀྱིས་བསྐོར་བའི་ཡུལ་ཁམས་འདིའི། །ལ་ཀླུང་གང་སར་རྩི་ཤིང་གཡུ་ལོ་རྒྱས། །ཤ་ཚ་ཆེ་བའི་ཡུལ་མི་སྤུན་ཟླ་ཚོ། །ས་ཆ་སྐྱིད་པོ་འདི་ལ་དེ་བས་ཆགས། །ཧ་ཅང་མཛེས་སྡུག་ཡི་གར་འོང་བའི་ཡུལ། །ཨ་མའི་བུ་མོ་ཁྲིད་དེ་ཡོང་ན་ཤེས། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།