དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • མེས་པོའི་ཕྱག་རྒྱུན་མ་དོར་ལེགས་པར་བསྐྱངས། བོང་ཁང་རྫ་ཆས་མ་ཉམས་གོང་དུ་འཕེལ།

    སྙེ་མོ་རྫོང་གི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསམ་གྲུབ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-16

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་བྲག་སྐོར་ཤང་བོང་ཁང་གྲོང་ཚོའི་བོང་ཁང་རྫ་ཆས་བཟོ་རྩལ་ནི་བཙན་པོའི་དུས་ནས་ད་བར་རྒྱུན་བསྐྱངས་ཤིང་། དེ་ནི་དུས་དང་བར་སྟོང་ལས་བརྒལ་བའི་རིག་གནས་ཀྱི་ཁྲག་རྩ་ཞིག་དང་འདྲ་བར་ས་མཐོའི་ཉི་འོད་འོག་སྔར་བཞིན་བཀྲག་མདངས་འཚེར་བཞིན་མཆིས།

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་བྲག་སྐོར་ཤང་བོང་ཁང་གྲོང་ཚོའི་ཚོགས་ཆུང་གསུམ་པའི་བསམ་གྲུབ་ཀྱིས“སྔོན་མ་བོང་ཁང་གི་རྫ་ཆས་གཙོ་བོ་འོ་སྣོད་དང་། ཆང་སྣོད། ཇ་སྣོད་བཅས་རེད། བོང་ཁང་རྫ་ཆས་ནང་བླུགས་པའི་འཐུང་བྱའི་བྲོ་བ་འགྱུར་སླ་པོ་མེད་པས་ཚང་མས་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད། 2024ལོའི་ཟླ་6པར་བསམ་གྲུབ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས།

    བོང་ཁང་རྫ་ཆས་བཟོ་བའི་ལས་རིམ་རྙོག་འཛིང་ཆེན་པོ་ཡོད་ཅིང་། ས་ལེན་པ་དང་། དབོར་བ། ཞིབ་ཞིབ་བཟོ་བ། བཟོ་ལྟ་འདོན་པ། ཉི་སྐམ་གཏོང་བ། ཆུ་རྒྱག་པ། སོ་བཏང་བ། བཟོ་ལྟ་གྲུབ་པ། རྩི་གཏོང་བ་བཅས་གོ་རིམ་9བརྒྱུད་དགོས་ལ། ས་འདེམས་པ་ཁོ་ནར་དང་དོད་ཆེན་པོ་ཡོད། ལོ་ན་ཕྲ་བའི་བསམ་གྲུབ་རང་གི་ཨ་ཞང་དང་མཉམ་དུ་ས་བབ་སྨི་4475ཡོད་པའི་བྲག་ལར་འཛེགས་ཏེ་དམིགས་བསལ་གྱི་སྤུས་ལེགས་རྫ་ས་ལེན་དགོས་ཀྱི་ཡོད།

    རྫ་ཆས་བཟོ་རིང་རྫ་ས་ལ་ཆུ་བརྒྱབ་ནས་དཀྲུག་དཀྲུག་མང་པོ་བཏང་རྗེས་ལག་པས་འཕུར་འཕུར་གཏོང་དགོས། དེ་ནས་འདམ་པ་གར་སླ་སྙོམ་པོ་ཆགས་པ་དང་མཉེན་གཤིས་རན་པོ་བཟོ་དགོས། བརྒྱུད་རིམ་དེ་དབྱར་དུས་ཡིན་ན་སྡུག་རུས་བྱེད་ཐུབ། འོན་ཀྱང་དགུན་ཁ་ཆུ་ཧ་ཅང་གྲང་མོ་ཡོད་པས་ལོ་ན་ཕྲ་བའི་བསམ་གྲུབ་ཀྱི་ལག་ཟུང་འཁྱགས་སྦོས་ཐེབས་ནས་སེར་ཀ་གས་དུས་ན་ཟུག་ཆེན་པོ་གཏོང་མོད། ཡིན་ཡང་ཧ་གཉིད་གོ་བའི་བསམ་གྲུབ་ཀྱིས་ནང་མིར་སྡུག་ཡུས་ཡེ་ནས་བགྲང་གི་མེད། “བུ་ཡིན་ཙང་སྡུག་རུས་འཁྱོགས་པོ་དགོས”ཞེས་བསམ་གྲུབ་ཀྱིས་བཤད།

    ལག་རྩལ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་བསམ་གྲུབ་ཀྱིས་བཟོས་པའི་རྫ་ཆས་སྤྱོད་ཤན་ཆེ་བས་ཉོ་མཁན་ཡང་རིམ་བཞིན་མང་དུ་སོང་། འོན་ཀྱང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཁྱིམ་ཚང་ཚང་མར་འཁྱགས་སྒམ་ཡོད་རྐྱེན། གྲང་ཉར་དང་སོས་ཉར་བྱེད་དགོས་པའི་ཟས་རིགས་རྫ་ཆས་ནང་བླུགས་མཁན་རིམ་བཞིན་མེད་པར་གྱུར། བོང་ཁང་གྲོང་ཚོའི་རྫ་ཆས་དེ་དགོས་ངེས་ཀྱི་འཚོ་བའི་མཁོ་ཆས་ནས་སྒྲིག་གཤོམ་བྱེད་པའི་བཟོ་རྩལ་དངོས་རྫས་སུ་གྱུར་ཏེ་རིམ་བཞིན་བྲིན་ཁ་མི་རྒྱུག་པར་གྱུར།

    དེ་ལྟར་ཡིན་ནའང་། བསམ་གྲུབ་ཀྱིས་སྔར་བཞིན་གྲོང་ཁྱེར་དང་རྫོང་གཞན་དག་གི་རྫ་ཆས་ལས་རིགས་གཅིག་པ་དང་སྤེལ་རེས་ཧུར་ཐག་བྱས་ནས། ལག་རྩལ་དང་། བཟོ་ལྟ། ཕྱིར་ཚོང་བྱེད་སྟངས་བཅས་སློབ་སྦྱོང་བྱེད་ཀྱི་ཡོད། བོང་ཁང་རྫ་ཆས་ཀྱི་ལོ་ན་གཞོན་ཤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པའི་ངོས་ནས། ལོ་40ལ་སླེབས་པའི་བསམ་གྲུབ་ཀྱིས་གྲོང་ཚོ་དེ་ཁོ་ན་མ་ཡིན་པར་གྲོང་ཁྱེར་ལ་ཁ་ཕྱོགས་ནས་བོང་ཁང་རྫ་ཆས་ལ་སྒྱུར་བཅོས་བྱེད་དགོས་པ་གསལ་པོ་ཤེས། “རྫོང་ཁག་གཅིག་གིས་ལྗོངས་ཕྱིའི་སྔོན་ཐོན་རྫ་སྲེག་སྒྲིག་ཆས་ནང་འདྲེན་བྱས་ཡོད་པས་ང་རང་ཡང་དེར་སེམས་ཤོར་བྱུང་། འོན་ཀྱང་འཕྲུལ་ཆས་དེར་སྒོར་ཁྲི་10རེད་འདུག ངས་ལོ་ཤས་དཀའ་ལས་བརྒྱབ་སྟེ་བསགས་བསགས་གྲུང་གྲུང་བྱས་ན་གཞི་ནས་ཉོ་ཐུབ་པ་འདུག འདི་ནི་ངའི་ད་ཆའི་འདུན་པ་ཆེ་ཤོས་ཡིན”ཞེས་བསམ་གྲུབ་ཀྱིས་བློ་རྩ་བརྟན་པོས་བཤད། ཐོག་མར་འཚོ་བ་འཕྱིད་ཐབས་སུ་ལག་རྩལ་དེ་སྦྱངས་པ་ནས་ད་བར་ལོ་27སོང་རིང། བསམ་གྲུབ་ཀྱིས་སྔ་ས་ནས་བོང་ཁང་རྫ་ཆས་ཀྱི་ལག་རྩལ་རྒྱུན་འཛིན་བྱེད་པ་དེ་རང་ཉིད་ཀྱི་ཚེ་འདིའི་དོན་གཉེར་འབའ་ཞིག་ཏུ་བརྩི་གི་ཡོད།

    ད་ཆ་བོང་ཁང་རྫ་ཆས་ཀྱིས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ལེའུ་གསར་པ་བརྩམས་དང་རྩོམ་མུས་རེད། གྲོང་གསེབ་དར་རྒྱས་ཀྱི་དཔྱིད་རླུང་ཁྲོད། གནའ་བོའི་ལག་རྩལ་དེར་སྐྱེ་སྟོབས་ཀྱིས་ཁེངས་ནས་ཡོད། རྒྱུན་འཛིན་བཟོ་ཁང་དུ་ན་གཞོན་དགེ་ཕྲུག་གིས་མེས་པོའི་ལག་རྩལ་སློབ་སྦྱོང་བྱེད་པར་རིག་པ་རྩེ་གཅིག་ཏུ་སྒྲིམ་བཞིན་ཡོད་ལ། རིག་གནས་བསམ་བཀོད་འགྲེམས་ཁང་ནང་གསར་གཏོད་ཇུས་འགོད་བྱས་པའི་རྫ་ཆས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཚོའི་ཡིད་དབང་འགུག་ཅིང་། སྐྱེ་ཁམས་ཡུལ་སྐོར་ལམ་རྒྱུད་དུ་ཡུལ་སྐོར་བས་རྫ་ཆས་བཟོ་བའི་སྤྲོ་སྣང་དངོས་སུ་མྱོང་རོལ་བྱེད་ཀྱི་ཡོད། བྱ་ཐབས་དེ་དག་ལས་ལོ་ངོ་སྟོང་གི་ལག་རྩལ་རྒྱུན་མཐུད་ཐུབ་པ་མ་ཟད། དེ་བས་ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་རིག་གནས་ཀྱི་སྒུལ་ཤུགས་སུ་གྱུར་ཡོད།

    “ན་ནིང་ང་རང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་བྱུང་། ཏང་དང་སྲིད་གཞུང་གིས་ང་ཚོའི་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དེར་སྲུང་སྐྱོབ་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་འཇོན་དུས་གྲོང་ཚོའི་གཞོན་ནུ་ཁག་གཅིག་དགེ་ཕྲུག་ལ་ཉར་ཏེ་ལག་རྩལ་དེ་སློབ་ཀྱི་ཡིན། དེ་ལྟར་བྱུང་ན་ཁོང་ཚོ་ཡང་ཐག་ཉེ་སར་ལས་ཞུགས་བྱེད་ཐུབ། དེ་དང་ཆབས་ཅིག་མཉམ་ལས་ཁང་བཙུགས་ནས་གྲོང་ཚོའི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་འདོད་འདུག དྲ་ཐོག་དང་དྲ་ཕྱི་ནས་ཕྱིར་འཚོང་བྱ་ཐབས་བརྒྱུད་མི་དེ་བས་མང་བས་ང་ཚོའི་གནའ་བོའི་ལག་རྩལ་འདི་ཤེས་རྟོགས་ཐུབ་པ་བྱེད་འདོད་ཡོད”ཅེས་བསམ་གྲུབ་ཀྱིས་གདེང་ཚོད་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།