དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གསར་འགྱུར་ཡིག་སྒྱུར་སྐབས་བོད་རྒྱ་སྐད་ཡིག་གི་ཁྱད་ཆོས་ལ་དོ་སྣང་བྱེད་དགོས་ཚུལ་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-14

    【ནང་དོན་གནད་བསྡུས།】གསར་འགྱུར་ཡིག་སྒྱུར་ནི་ཡིག་སྒྱུར་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། གསར་འགྱུར་གསན་གཟིགས་ལ་སྤྲོ་བ་ཚོར་ཐད་ཀར་ཞབས་འདེགས་ཞུ་བ་དང་ཤུགས་རྐྱེན་ཧ་ཅང་ཆེ་བའི་ལས་རིགས་ཤིག་རེད། དེར་བརྟེན་ང་ཚོས་རྒྱ་ཡིག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྒྱུར་སྐབས་གྲངས་ཉུང་མི་རིགས་གང་དེའི་སྐད་ཆའི་འགྲོས་སམ་ཁྱད་ཆོས་གཞིར་བཟུང་མཚོན་པར་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། འདི་ལྟར་བྱུང་ཚེ་བརྒྱུད་སྒྲོག་བྱེད་མཁན་གྱིས་དོན་གསལ་པོ་སྟོན་ཐུབ་པ་དང་གསན་གཟིགས་བྱེད་མཁན་གྱིས་གོ་བ་ཡང་དག་ལོན་པའི་དགེ་མཚན་ཡོད།

    【བརྡ་ཆད་གཙོ་བོ།】གསར་འགྱུར་ཡིག་སྒྱུར། སྐད་ཡིག་གི་ཁྱད་ཆོས།

    སྐད་ཆའི་བྱེད་ནུས་ནི་ཕན་ཚུན་གོ་བརྡ་སྤྲོད་རྒྱུ་དེ་རེད། རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས་དབར་འབྲེལ་བ་བྱེད་དུས་ཡིག་སྒྱུར་དང་སྐད་སྒྱུར་གྱིས་གོ་བརྡ་སྤྲད་དེ་ཕན་ཚུན་དམ་པོར་སྦྲེལ་བཞིན་ཡོད། རྒྱུན་དུ་ཏང་དང་སྲིད་གཞུང་གི་མཛད་ཕྱོགས་སྲིད་ཇུས་སམ་ཚན་རྩལ་ཤེས་བྱ། དེ་བཞིན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས། མི་རིགས་དང་ས་ཁོངས་ཀྱི་རིག་གནས་ངོ་སྤྲོད་སོགས་ཀྱི་ཐད་ཡིག་སྒྱུར་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད། དེས་ན་དྲིལ་བསྒྲགས་རང་བཞིན་གྱི་ཡིག་སྒྱུར་ཐད་སྐད་བརྡའི་ཆོས་ཉིད་ལ་དོ་སྣང་ཆེན་པོ་བྱས་ཏེ། མང་ཚོགས་ཀྱིས་གོ་བདེ་བའི་ཚིག་སྤྱད་དེ་དོན་སྟོན་ཐབས་ལ་འབད་དགོས།

    གསར་འགྱུར་ཡིག་སྒྱུར་ཞེས་པར་གསར་རྩོམ་གྱི་ངོ་བོ་ངེས་ཅན་ལྡན་ཡོད་པས་ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་དོན་མ་འཁྲུལ་བའི་ཐོག་མི་རིགས་འདིའི་བསམ་བློའི་ངོས་འཛིན་དང་མཐུན་དགོས། འདིར་རང་ཉིད་ཀྱིས་ལོ་ངོ་བཅུ་ཕྲག་རིང་གསར་འགྱུར་ཡིག་སྒྱུར་བྱས་པའི་མྱོང་བར་གཞིགས་ནས། རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་སྐབས་བོད་རིགས་ཀྱི་སྐད་ཆའི་ཁྱད་ཆོས་དང་མཐུན་པ་བྱེད་ཐབས་འགའ་གླེང་བར་བྱ།

    དང་པོ།  མ་ཡིག་གི་དོན་མ་འཁྲུལ་བ་དགོས་ཀྱང་དེའི་བརྡ་སྤྲོད་ལ་བསྟུན་ཐལ་ཆེ་མི་རུང་།

    མི་རིགས་གང་ཡིན་རུང་རང་རང་གི་སྐད་བརྡར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དགེ་མཚན་ཡོད། དེར་བརྟེན། ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་སྐད་ཆའི་གོ་རིམ་དང་བརྡ་སྤྲོད་ཀྱི་རྣམ་པ་བཙན་སྒྲིག་བྱས་ནས་ཕབ་ན། བུ་ཡིག་གི་ཁྱད་ཆོས་ཤོར་འགྲོ་བ་མ་ཚད་མ་ཡིག་གི་དོན་ཇི་མ་ཇི་བཞིན་སྟོན་པར་དཀའ། དཔེར་ན་ཉེ་རབས་ཀྱི་ཡིག་སྒྱུར་བརྩམས་བྱའི་ནང་ནས《ཆུ་ངོགས་གཏམ་རྒྱུད།》ལྟ་བུ་རྒྱ་ཡིག་ནས་བསྒྱུར་བ་ཡིན་མོད། སྐབས་དེའི་ལོ་ཙྰ་བ་རྣམས་ཀྱིས་ནང་དོན་ལ་གོ་བ་ལེགས་པར་བླངས་རྗེས་སྐད་བརྡའི་འགྲོ་སྟངས་དང་ཡི་གེའི་སྲོལ་ཚང་མ་བོད་རང་གི་བརྡ་སྤྲོད་ཇི་བཞིན་བྱས་པས་སྐད་ཡིག་གཞན་གྱི་རམ་འདེགས་མེད་ཀྱང་དོན་རྟོགས་རྒྱུར་འགོག་རྐྱེན་མེད་པ་བསླབ་གཞི་གསོན་པོ་ཞིག་ལ་བརྩི་ཆོག

    རྒྱུན་དུ་ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་ནང་དོན་དུམ་བུ་རེ་རེ་བཞིན་གོ་བ་བླངས་རྗེས། རང་གིས་བསྒྱུར་བའི་ནང་དོན་དག་བོད་ཡིག་གི་འགྲོས་སམ་བོད་སྐད་ཀྱི་བརྡ་སྤྲོད་དང་མཐུན་མིན་ལ་བསམ་གཞིགས་ནན་པོ་བྱས་ཚེ། བསྟན་པའི་དོན་རྣམས་ཀློག་པ་པོའམ་ཉན་པ་པོས་དོན་གསལ་བར་རྟོགས་ཐུབ། གལ་སྲིད་དེ་ལས་ལྡོག་སྟེ་འགོ་ནས་མཇུག་བར་ཡིག་འབྲུ་རེ་རེའི་གོ་རིམ་བཞིན་འདེད་དེ་བསྒྱུར་ཚེ། ལྟ་ཀློག་བྱེད་སྐབས་བུ་ཡིག་ཡིན་ནའང་བརྡ་སྤྲོད་དང་མི་མཐུན་པའི་དབང་གིས་ནང་དོན་གནད་ལ་འཁེལ་པོ་མི་ཡོང་བའི་ཐོག ཕ་རོལ་གྱིས་གོ་མི་ཐུབ་པའི་གསང་གཏམ་ལོག་གཏམ་ལྟ་བུར་གྱུར་ཉེན་ཡོད།

    དེས་ན་གོང་སྨྲོས་ཀྱི་སྐྱོན་ཆ་ཇི་ལྟར་སེལ་དགོས་ཞེ་ན། ཡིག་སྒྱུར་བྱེད་སྐབས་ཐད་སྒྱུར་དང་དོན་སྒྱུར། ཡང་ན་འཕྲི་སྣོན་གྱི་ཐབས་གང་སྤྱད་ཀྱང་སྐད་བརྡའི་ཁྱད་ཆོས་དང་བསྒྱུར་ཡིག་གི་བརྗོད་བདེར་བསམ་གཞིགས་བྱས་ཚེ་ངག་ལ་བྱང་ཞིང་དོན་གསལ་བར་སྟོན་ཐུབ། དཔེར་ན་རྒྱུན་མཐོང་གི་ཡིག་སྒྱུར་མང་པོའི་ནང་ཡོད་པའི་སྣང་ཚུལ་དཔེར་ན་“提高”ལ་མཐོར་འདེགས་བཏང་ཞེས་བསྒྱུར་བ་མང་པོ་འདུག་མོད། རྒྱུན་གཏན་གྱི་སྐད་ཆ་ཤོད་ལུགས་དང་ཁྱད་པར་ཆེ་བས་སྐད་ཡ་མ་གཟུགས་སུ་གྱུར་གྱི་འདུག་སྟེ། དམངས་ཀྱི་ཁ་རྒྱུན་ལ་འཇགས་པའི་སྐད་ཆ་ཤོད་ལུགས་ཏེ། མཐོ་རུ་བཏང་། མཐོ་རུ་ཕྱིན་ཞེས་པ་བཀོལ་ན་གོ་བ་མ་འཁྲུལ་ཞིང་རྣ་ལ་འཇགས་བདེ། གཞན་ཡང་ཅ་དངོས་གོང་ཚད་དམའ་པོས་བཙོངས་པའི་ “价格下降”ཞེས་པར་གོང་ཚད་ཕབ་གཅོག་ཅེས་པ་ལྟ་བུར་བསྒྱུར་བ་ལྟ་བུ། རྒྱུན་གཏན་གྱི་སྐད་ཆའི་ནང་གོང་ཚད་བཅག་པའམ་གོང་ཚད་གཅོག་པ་ཞེས་ཤོད་པ་དང་ཡི་གེ་འབྲི་སྲོལ་དང་ཡང་མི་འགལ་བས་ཁ་རྒྱུན་གཞིར་བཞག་པ་ལས་འབྲུ་འདེད་དེ་རིགས་སྤོང་བ་ལེགས།

    གོང་གསལ་དཔེ་གཞི་དག་ལས་ཡིག་སྒྱུར་གྱི་བརྒྱུད་རིམ་ཁྲོད་མ་ཡིག་གི་ཡི་གེའི་གོ་རིམ་དང་སྐད་བརྡའི་ཁྱད་ཆོས་ལ་བསྟུན་ཐལ་ཆེ་བས་བསྒྱུར་ཡིག་ལ་བོད་སྐད་ཀྱི་བརྡ་སྤྲོད་རིག་པའི་ཁྱད་ཆོས་ཉམས་ཏེ། བོད་ཀྱི་སྐད་བརྡའི་ཆོས་ཉིད་དང་སྐད་ཆའི་ཉམས་ཤོར་བས་ནང་དོན་ལ་གོ་བ་ལེན་དཀའ་བ་མ་ཟད། ཐ་ན་བསྒྱུར་མཁན་རང་ཉིད་ཀྱིས་བསྐྱར་ཀློག་བྱས་ཀྱང་དོན་མི་རྟོགས་པར་གྱུར་སྲིད།

    གཉིས་པ། བོད་ཀྱི་བརྡ་སྤྲོད་དང་གོམས་གཤིས་ལ་མི་མཐུན་པའི་ཐ་སྙད་གསར་པ་གང་བྱུང་བཟོ་མི་ཉན།

    ཆ་འཕྲིན་ཧ་ཅང་དར་བའི་དེང་དུས་ཡིག་སྒྱུར་བྱེད་མཁན་མང་པོ་འདུག་ལ་བསྒྱུར་ཡིག་མང་པོ་མཐོང་རྒྱུ་འདུག  ཡང་སྒོས་ཉིན་ལྟར་ཡིག་སྒྱུར་བྱེད་དགོས་པའི་གསར་འགྱུར་ལས་རིགས་ཁྲོད་ཚིག་གསར་སྣ་ཚོགས་མཐོང་རྒྱུ་ཡོད། དེ་ལྟར་བྱུང་བའི་རྐྱེན་གཙོ་བོ་ནི་སྒྱུར་མཁན་ལ་བུ་ཡིག་གི་རྨང་གཞི་ཡག་པོ་མེད་ཐོག་རང་མི་རིགས་ལ་ཡོད་པའི་ཐ་སྙད་ལ་ཉམས་ཞིབ་ཉུང་བ་དང་འཚོལ་ཞིབ་མ་ཐུབ་པས་རེད། དཔེར་ན། “主治医生”ལ་གཙོ་བཅོས་སྨན་པ་ཞེས་བསྒྱུར་མཁན་ཡོད་ཀྱང་། བོད་ལུགས་གསོ་རིག་གི་འགྲོ་ལུགས་ལྟར་ན་སྨན་པ་དཀའ་བཅུ་བ་ཞེས་ཡོད་པ་དང་། “精神食粮”ལ་བསམ་པའི་རྒྱགས་ཕྱེ་ཞེས་བསྒྱུར་བཞིན་ཡོད། འོན་ཀྱང་དེ་ནི་ཡིད་གསོས་སམ་ཡིད་ཀྱི་གསོས་ལྟ་བུ་བོད་རང་གི་སྐད་ལ་ཡོད་པའི་ཚིག་ལ་བསྒྱུར་ན་བོད་སྐད་རྣལ་མ་ཞིག་ཡིན། གང་ལྟར་ནའང་ཐད་སྒྱུར་དང་དོན་སྒྱུར་གང་ཡིན་རུང་ཚིག་གསར་པ་བཟོ་དགོས་ངེས་ཀྱི་གནད་ཡོད་སྲིད་ཀྱང་། རང་དགར་གསར་རྩོམ་མམ་དོན་ལ་མི་བསམས་པར་གསར་བཟོ་བྱས་ན་བཞད་གད་ཀྱི་གནས་སུ་འགྱུར་ངེས་ལ། བརྡ་སྤྲོད་ཀྱི་གཞུང་ཆ་ཚང་བའི་སྐད་ཡིག་ཅིག་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་དུ་འགྱུར་བ་གདོན་མི་ཟ།

    ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཚེ་སྔོན་བྱོན་ལོ་པཎ་དྲིན་ཅན་ཚོས་ལེགས་སྦྱར་རམ་མི་རིགས་གཞན་གྱི་སྐད་ཡིག་ནས་བྲིས་པའི་གསུང་རབ་རི་བོའི་གཏོས་དང་མཉམ་པ་དག་བོད་ཡིག་ལ་བསྒྱུར་སྐབས་མ་ཡིག་གི་དོན་ལ་འགྱུར་བ་ཏིལ་ཙམ་མེད་ཅིང་། བོད་སྐད་ཀྱི་བརྡ་སྤྲོད་དང་མཐུན་ཞིང་ཉམས་ཀྱིས་ཕྱུག་པར་བྱས་པས་ཐོག་མ་ནས་བོད་ཡིག་མིན་ནམ་སྙམ་པ་དེ་འདྲ་བྱུང་།  དེ་དག་ནི་ལོ་པཎ་རྣམས་ཀྱིས་མ་ཡིག་བྱང་ཆུབ་ཅིང་། དེའི་ལྐོག་གྱུར་གྱི་རིག་གནས་ཁོང་དུ་ཆུད་པས་ཡིན་པ་སྨོས་མེད་ལགས། འོན་ཀྱང་དེང་དུས་སྐད་རིགས་གཉིས་ཤེས་ཙམ་གྱིས་ལོ་ཙཱ་བ་ཡིན་ཁུལ་བྱས་ནས། སྐད་བརྡའི་ཆོས་ཉིད་མི་རྟོགས་ཤིང་རིག་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཆ་རྒྱུས་མེད་ཀྱང་། དོན་གྱི་བབ་ལ་མི་བལྟ་བར་རྒྱ་བོད་ཤན་སྦྱར་ཚིག་མཛོད་སོགས་ལ་བརྟེན་ནས་བཙན་བསྒྱུར་བྱས་པ་དང་སྐབས་ཐོག་ཏུ་བཟོས་པའི་ཐ་སྙད་ཤིན་ཏུ་མང་། གལ་སྲིད་ཡིག་སྒྱུར་གྱི་ཚུལ་མི་ལེགས་པ་འདི་འདྲ་ཡུན་རིང་གནས་ཚེ་བོད་སྐད་ཡིག་འཕེལ་རྒྱས་ཀྱི་འགོག་རྐྱེན་ཆགས་ངེས། དེར་བརྟེན་ཡིག་སྒྱུར་ལ་ཞུགས་མ་ཐག་པའམ་མྱོང་བ་ཟབ་པོ་མེད་པ་ཚོས་གོང་གསལ་གྱི་གནས་ཚུལ་དེ་རིགས་ལ་གཟབ་གལ་ཤིན་ཏུ་ཆེ།

    གསར་འགྱུར་ཡིག་སྒྱུར་བ་ཞིག་ཡིན་པའི་ངོས་ནས་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཆ་རྒྱུས་ངེས་ཅན་དགོས་པ་དང་ཆབས་ཅིག་གཞན་གྱི་སྒྱུར་རྩལ་ལ་སློབ་སྦྱོང་། དེ་བཞིན་གསར་དར་གྱི་བྱ་དངོས་དང་ཤེས་བྱ་གསར་པར་སློབ་སྦྱོང་བཅས་བྱེད་དགོས། ད་དུང་དེའི་ཐོག་རིག་གནས་དང་སྐད་ཡིག་གཞན་གྱི་བྱང་ཚད་ངེས་ཅན་ཡོད་ན་གཡང་རྩེའི་སྒང་ལ་ཡས་སྒྲོན་ལྟ་བུ་ཡིན།

    གསུམ། ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་དོན་ལ་འགྱུར་བ་གཏོང་མི་ཉན།

    ཡིག་སྒྱུར་བས་མ་ཡིག་གི་དོན་དང་འབྲེལ་བ་མེད་པའི་ཚིག་ཁ་སྣོན་བྱས་ཚེ་སྣོན་སྒྱུར་གྱི་དགོས་པ་མི་ཐོན་པར་ཡིག་སྒྱུར་གྱི་གཞུང་དང་འགལ་བའི་གནས་ཚུལ་ཐོན་སྲིད། དེར་བརྟེན་ངེས་པར་དུ་མ་ཡིག་གི་དོན་ལ་བསྟུན་རྒྱུའི་ཐད་བསམ་གཞིགས་ནན་པོ་བྱེད་དགོས།

    དེང་གསར་འགྱུར་ཡིག་སྒྱུར་མང་པོའི་ནང་མིང་ཚིག་ཁ་སྣོན་བརྒྱབ་ནས་བསྟན་བྱའི་དོན་གྱི་ལྐོག་ཏུ་གནས་ཚུལ་གཞན་ཞིག་ཡོད་པ་ལྟར་བྱེད་པ། དཔེར་ན་“取得实效”ལ་ཕན་འབྲས་དངོས་ཐོན་པ་བྱེད་དགོས་ཞེས་སུ་བསྒྱུར་བ། འདི་ལྟ་བུ་བོད་སྐད་ཀྱི་འགྲོ་ལུགས་སམ་རྒྱུན་གཏན་གྱི་ཤོད་སྟངས་ལྟར། ཕན་འབྲས་ཐོན་པ་བྱེད་དགོས་ཞེས་བསྒྱུར་ན་དོན་དག་གསལ་པོ་སྟོན་རྒྱུར་འཁྲུལ་བ་མེད་ལ། གོ་བ་གཞན་སྟོན་རྒྱུ་ཡང་མེད། དེ་ལས་ལྡོག་སྟེ་མ་ཡིག་འབྲུ་འདེད་ཀྱིས་ཕན་འབྲས་དངོས་ཞེས་བསྒྱུར་ན་དེའི་ལྐོག་གྱུར་ཏུ་མིག་མཐོང་ལག་ཟིན་གྱི་འབྲས་བུ་མི་ལེགས་པ་ཞིག་ཡོད་པ་ཤུགས་སུ་བསྟན་པ་ལྟར་སྣང་།

    ཡིག་སྒྱུར་བྱེད་སྐབས་ནང་དོན་གནད་ལ་འཁེལ་བའི་ཐོག་ནས་སྒྱུར་བྱ་བུ་ཡིག་གི་སྐད་འགྲོས་དང་མཐུན་ཐབས་མ་བྱས་ཚེ། སྒྱུར་ཡིག་ཁག་ཅིག་ལྟ་ཀློག་བྱེད་སྐབས་བོད་སྐད་ཀྱི་སྒྲ་འདོན་རུང་བརྡ་སྤྲོད་དང་མ་མཐུན་པས་མཆན་མ་འགོད་ཚེ་གོ་བ་ལེན་པར་དཀའ།

    མདོར་ན། བསྒྱུར་ཡིག་གི་ལེགས་ཞན་ནི་སྒྱུར་མཁན་གྱིས་ཤེས་རིག་སྣ་མང་ཁོང་དུ་ཆུད་ཚུལ་དང་བརྡ་སྤྲོད་བྱང་ཆུབ་མིན་ལ་རག་ལུས་ཡོད། ཡིག་སྒྱུར་བྱེད་མཁན་གྱིས་རྒྱུན་གཏན་གྱི་སློབ་སྦྱོང་དང་ཉམས་ཞིབ་ཁྲོད་རིག་གནས་མི་འདྲ་བའི་ཁྱད་པར་དང་སྐད་དང་ཡི་གེའི་ལྐོག་གྱུར་གྱི་རིག་གནས་ཁོང་དུ་ཆུད་པོ་བྱུང་ཚེ།  མ་ཡིག་དང་སྒྱུར་ཡིག་གི་རིག་གནས་བརྒྱུད་སྒྲོག་ལེགས་པར་ཐུབ། ང་ཚོས་རྒྱ་བོད་ཡིག་རིགས་ཀྱི་སྐད་བརྡའི་ཁྱད་ཆོས་དང་རྒྱབ་ལྗོངས་ལ་གཤིབ་བསྡུར་བྱེད་སྐབས་རིག་གནས་ཀྱི་དོན་སྙིང་མི་འདྲ་བས་བསྟན་པའི་དོན་ལ་ཁྱད་པར་ཡོད་པ་རྟོགས། ཡིག་སྒྱུར་བྱེད་སྐབས་འཕྲད་པའི་དཀའ་ངལ་ནི་སྐད་ཆའི་གྲུབ་ཚུལ་རང་གི་དོན་མིན་པར་སྐད་བརྡ་དང་འབྲེལ་བའི་རིག་གནས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་རག་ལུས་པ་ཡིན། ཡིག་སྒྱུར་བྱེད་སྐབས་རིག་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཡོངས་སུ་འདྲ་བ་དང་། བྱེ་བྲག་འདྲ་བ། རིག་གནས་ཀྱི་སྟོང་ཆར་ལུས་པ། ཐ་ན་ཕན་ཚུན་འགལ་བར་གྱུར་བའི་སྣང་ཚུལ་ཡོད་པས་རིག་གནས་གཉིས་པོ་སོ་སོའི་ཁྱབ་མི་འདྲ་བའི་དབང་གིས་སྒྱུར་བཞིན་དུ་དོན་སྟོན་དཀའ་རུ་འགྲོ་ཡི་ཡོད། དེར་བརྟེན་ཡིག་སྒྱུར་བས་རིག་གནས་དེ་གཉིས་ཀྱི་མི་འདྲ་བའི་ཆ་ཁོང་དུ་ཆུད་ན་དོན་ལ་ཚོད་འཛིན་ལེགས་པར་ཐུབ་ནས་བོད་ཀྱི་སྐད་དང་མཐུན་ཞིང་གོ་བདེ་བའི་བསྒྱུར་ཡིག་ཡག་པོ་ཐོན་ཐུབ།

    ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བློ་བཟང་གྲགས་པ།  

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།