ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཁྲོད་ཡིག་སྒྱུར་ལས་དོན་གླེང་བ།
མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྐད་ཡིག་ཞབས་ཞུའི་ཁྱབ་ཁོངས་སུ་འཕྲུལ་འཁོར་ལོ་ཙཱ་ཉེར་སྤྱོད་ཉིན་བཞིན་རྒྱ་ཁྱབ་ཏུ་ཕྱིན་པ་དང་། ལོ་ཙཱའི་ལས་དོན་ཐད་ལའང་ལག་རྩལ་གསར་བཅོས་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་འཕྲད་ཡོད། ལོ་ཙཱ་ནི་སྐད་ཡིག་བརྗེ་སྤོར་དང་འབྲེལ་བ་ཡོད་པ་མ་ཟད། རིག་གནས་རྒྱུན་འཛིན་དང་སྤེལ་རེས་བྱེད་པར་ཡང་འབྲེལ་བ་ཡོད། AIདུས་རབས་སུ་ལག་རྩལ་གྱི་ལས་ཕྱོད་དང་ལོ་ཙཱའི་སྤུས་ཚད་དོ་མཉམ། ཡོ་བྱད་ཀྱི་ནུས་པའི་འདོན་ཤུགས་མཐོ་རུ་གཏོང་རྒྱུ་ནི་ལོ་ཙཱའི་ལས་དོན་པས་བསམ་གཞིག་གཏིང་ཟབ་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།
དང་པོ། AIལག་རྩལ་གྱིས་ལོ་ཙཱ་ལ་སྤྲད་པའི་གོ་སྐབས་མང་བ།
AIལོ་ཙཱའི་འཕྲུལ་ཆས་ཀྱིས་ཚད་ལྡན་ཅན་གྱི་ནང་དོན་མགྱོགས་མྱུར་འཚོལ་བཤེར་བྱེད་ཐུབ། དཔེར་ན། བོད་ལྗོངས་ཁུལ་གྱི་གཞི་རིམ་གྱི་ཡིག་སྒྱུར་ལས་དོན་ཁྲོད་AIཡིས་རམ་འདེགས་བྱས་པ་བརྒྱུད་ལོ་ཙཱ་བའི་ལས་ཆོད་ཀྱི་དུས་ཡུན་ཇེ་ཐུང་དུ་བཏང་སྟེ། སྲོལ་རྒྱུན་གྱི་མི་ཐབས་ལོ་ཙཱའི་ཁྲོད་གྲངས་འབོར་ཆེ་བ་དང་དུས་ཚོད་དམ་པའི་དཀའ་གནད་སེལ་ཏེ་བོད་ཡིག་ཆ་འཕྲིན་ཞབས་ཞུ་སྔར་ལས་སྟབས་བདེར་ཕྱིན་ནས་དུས་ཐོག་ཏུ་གཞི་རིམ་གྱི་དགོས་མཁོ་སྐོང་ཐུབ།
AIལོ་ཙཱ་ཁྱབ་གདལ་བཏང་བ་དེས་སྐད་གཉིས་སྤེལ་རེས་བྱ་རྒྱུར་སྟབས་བདེའི་ལག་ཆ་མཁོ་འདོན་བྱས་པ་དང་། མང་ཚོགས་ཕལ་པས་ལག་ཐོགས་ཁ་པར་ནང་APPབརྒྱུད་རྒྱུན་གཏན་གྱི་སྐད་ཆ་ཤོད་རེས་ལ་ལོ་ཙཱ་བྱེད་ཐུབ་པས་སྐད་རིགས་གཉིས་འཕྲལ་དུ་སྤེལ་རེས་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
དེ་དང་ཆབས་ཅིག་AIལག་རྩལ་གྱིས་བོད་ཡིག་གསུང་རབ་ཀྱི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་དང་ལོ་ཙཱ་ཁྱབ་སྤེལ་བྱེད་རྒྱུར་རོགས་རམ་བྱེད་ཐུབ། དཔེར་ན《གེ་སར་རྒྱལ་པོའི་རྣམ་ཐར》དང《བཀའ་འགྱུར》སོགས་ཚད་ལྡན་ཡིག་ཆར་AIཡིས་རམ་འདེགས་དང་ལེགས་སྒྲིག་བྱས་པས་དེ་བས་མང་བའི་ཀློག་པ་པོའི་དོ་ཁུར་ཡོང་ངེས་རེད།
AIལོ་ཙཱ་འཕེལ་རྒྱས་གཏོང་རྒྱུ་ནི་གཞི་ཁྱོན་ཆེ་བའི་སྐད་ཡིག་མཛོད་ཀྱི་འདེགས་སྐྱོར་ལ་བརྟེན་བཞིན་པས། བོད་རྒྱ་སྐད་གཉིས་ཀྱི་སྐད་ཡིག་མ་ལག་ཅན་འཛུགས་སྐྲུན་བྱེད་པར་རམ་འདེགས་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་བོད་ཡིག་ཐ་སྙད་མཛོད་དང་མཉམ་འགྲོའི་སྐད་ཡིག་མཛོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དེས་AIལོ་ཙཱའི་ཡང་དག་རང་བཞིན་ཇེ་མཐོར་ཕྱིན་པ་མ་ཟད། མཉམ་སྤྱོད་ཐུབ་པའི་ལོ་ཙཱ་ཐོན་ཁུངས་མཛོད་ཆགས་པ་དང་། ཆེད་ལས་ལོ་ཙཱ་བ་ཚོར་དཔྱད་གཞིའི་གཞི་འཛིན་ས་མཁོ་འདོན་བྱས་ནས་བོད་ཡིག་ལོ་ཙཱའི་ལས་རིགས་ཚད་ལྡན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
གཉིས་པ། AIདུས་རབས་ཁྲོད་བོད་ཡིག་ལོ་ཙཱ་ལ་འཕྲད་པའི་འགྲན་སློང་གཙོ་བོ།
བོད་ཡིག་ལོ་ཙཱའི་ནང་ཆོས་ལུགས་དང་། དམངས་སྲོལ། ལོ་རྒྱུས་བཅས་དང་འབྲེལ་བ་ཡོད་པའི་ཚིག་འབོར་ཆེན་ཡོད། དཔེར་ན་ཐང་ག་དང་སྲོལ་རྒྱུན་ལ་སོགས་པའི་ཐ་སྙད་དེ་རིགས་ལ་ཐུན་མོང་མིན་པའི་རིག་གནས་ཀྱི་ནང་དོན་འདུས་ཡོད་པས། AIལོ་ཙཱ་ནི་རྒྱུན་དུ་ཡིག་ངོས་བརྗེ་སྤོར་ཁོ་ན་བྱེད་པས་ཚིག་དེའི་གཏིང་ཟབ་ཀྱི་དོན་སྙིང་བརྒྱུད་སྤྲོད་བྱེད་དཀའ་བ་ཞིག་ཡོད།
བོད་སྐད་ལ་ཕུན་སུམ་ཚོགས་པའི་ཡི་གེའི་གྲུབ་ཚུལ་ཡོད་ཅིང་། དཔེར་ན་ཞེ་ཚིག་དང་བརྡ་སྤྲོད་སོགས་ལ་ས་ཁོངས་ཀྱི་ཁྱད་པར་ལྡན་ཡོད། འོན་ཀྱང་མིག་སྔའི་AIལོ་ཙཱས་བོད་སྐད་བརྡ་སྤྲོད་ཀྱི་ཞིབ་ཕྲའི་གནས་ཚུལ་ཐག་གཅོད་བྱེད་དཀའ་བ་དང་། དུས་གསུམ་དང་བྱ་བྱེད་ཐ་དད་མིན་སོགས་སྐད་རིམ་བརྗེ་སྤོར་ཐད་རྟག་ཏུ་ཚིག་དོན་ནོར་འཛོལ་བྱུང་བ། ལྷག་པར་དུ་རྩོམ་རིག་བརྩམས་ཆོས་སོགས་ཀྱི་ཡིག་སྒྱུར་ཁྲོད་འགལ་བ་མངོན་གསལ་དོད་པོ་ཡོད།
AIལོ་ཙཱ་ལ་བརྟེན་དྲགས་པའི་དབང་གིས་ལོ་ཙཱ་བས་སྐད་ཡིག་གི་གཞི་རྩའི་ནུས་པ་དང་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆུང་བྱས་ཏེ། འཕྲུལ་ཆས་ལ་བརྟེན་ནས་ལོ་ཙཱ་བྱེད་པ་དང་། སྟབས་བདེའི་འཕྲུལ་ཆས་ཀྱི་སྒྱུར་ཡིག་ལ་དག་བཅོས་བྱས་ཀྱང་བསམ་གཞིག་གཏིང་ཟབ་མ་བྱས་ན་སྒྱུར་ཡིག་གི་སྤུས་ཚད་དམའ་རུ་འགྲོ་སྲིད། དེ་དང་ཆབས་ཅིག་AIལོ་ཙཱ་བེད་སྤྱོད་མང་དྲགས་ན་ལོ་ཙཱའི་གསར་གཏོད་རང་བཞིན་ཉམས་ཞན་དུ་ཕྱིན་ནས་རྩོམ་རིག་བརྩམས་ཆོས་ཀྱི་ཉམས་འགྱུར་དང་བརྩེ་དུང་གི་མཚོན་ཐབས་སྐྱོ་རུ་འགྲོ་བཞིན་ཡོད།
མདོར་ན་AIལག་རྩལ་གྱིས་ལོ་ཙཱའི་ལས་ཀར་སྟབས་བདེ་བསྐྲུན་ཡོད་མོད། འོན་ཀྱང་རིག་གནས་གསལ་འགྲེལ་དང་བརྩེ་དུང་བརྒྱུད་སྤྲོད་ཁྲོད་ནུས་པ་ཤུགས་ཆེན་ཐོན་ཐུབ་མེད་པ་དང་། AIལག་རྩལ་གྱིས་ལོ་ཙཱའི་ལས་དོན་ནང་ལག་རྩལ་གྱི་ནུས་པ་འདོན་པ་ལས་ལོ་ཙཱ་བའི་ཡིག་སྒྱུར་དངོས་ཀྱི་ཚབ་བྱེད་ཐུབ་མི་སྲིད། དུས་རྒྱུན་གྱི་ལས་ཀའི་ནང་མི་དང་འཕྲུལ་ཆས་མཐུན་སྦྱོར་དང་། ཐོན་ཁུངས་འཛུགས་སྐྲུན། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚད་གཞི་འཐུས་ཚང་བཅས་བརྒྱུད་ལག་རྩལ་གྱི་ལས་ཆོད་དང་རིག་གནས་རིན་ཐང་དོ་སྙོམས་ཡོང་བ་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ལོ་ཙཱ་དེ་རིག་གནས་འབྲེལ་མཐུད་བྱེད་པའི་ཟམ་པ་ཞིག་ཏུ་དངོས་སུ་འགྱུར་སྲིད།
རྩོམ་པ་པོ་ནི་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསལ་སྒྲོན།
འབྲེལ་ཡོད་གསར་འགྱུར།