དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ཤ་མོག་ཁ་ལ་ཞིམ་པ། ཕོ་གཞོན་ལས་ལ་བརྩོན་པ།

    སློབ་ཆེན་སློབ་ཐོན་སློབ་མ་བསོད་ནམས་མགོན་པོའི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བསོད་ནམས་དབང་འདུས། ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། བསོད་ནམས་མཚོ་མོ།    |     སྤེལ་དུས།  2025-08-12

    སྐྱ་རེངས་ཀྱི་ཡོལ་བ་རིམ་གྱིས་ཕྱེས་ནས་དགེ་འཕེལ་དབུ་རྩེར་ཞོགས་པའི་ཉི་ཟེར་དང་པོ་འཕྲོས་པས། གྲོང་ཁྱེར་ལྷ་སར་མི་རྣམས་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས།

    སྒམ་ཆུང་ཟ་ཁང་གི་ཇ་མངར་མོ་དང་། ཀླུ་སྒུག་ཨ་མའི་ཟ་ཁང་གི་ཐུག་པ། ཨི་རིམ་ཟ་ཁང་གི་ཤ་མོག་སོགས་གྲོང་ཁུལ་རྙིང་པའི་སྲང་ལམ་ནང་མི་རྣམས་ཀྱིས་རང་ཉིད་ཀྱི་དགའ་མོས་ལྟར་ཚོང་རྟགས་རྙིང་པའི་ཟ་ཁང་དུ་ཞིམ་ཟས་སྣ་ཚོགས་ལ་གདམ་ག་བྱེད་བཞིན་ཡོད་ལ། ཡང་ཨ་མདོའི་འཐེན་ཐུག་དང་སྨར་ཁམས་ཅྰ་ཅྰ་ཐུག་པ་ལ་སོགས་ཡུལ་ལུང་སོ་སོའི་ཁྱད་ཆོས་ཀྱི་བྲོ་བ་ལྡན་པའི་ཟ་ཁང་སྣ་ཚོགས་ཀྱང་སྲང་ལམ་ཁག་ཏུ་ཚོང་གཉེར་བྱེད་བཞིན་ཡོད་པས། གནའ་གྲོང་འདི་ཉིད་སྔར་བས་འཁྲུག་ཆ་དོད་པར་གྱུར།

    གནའ་གྲོང་ལྷ་སའི་ཤར་ངོས་སུ་ཡོད་པའི་སྦྲ་ནག་ཞོལ་སྲང་ལམ་བཞི་པར་བྲོ་ལྡན་ཤ་མོག་ཐབ་ཚང་ཞེས་པའི་ཟ་ཁང་ཆུང་ཆུང་དེའི་ནང་གྲོང་མི་མང་པོས་འཚང་ཁ་ཤིག་ཤིག་ངང་ཞིམ་ཟས་ལ་རོལ་བཞིན་འདུག མ་གཞི་ཟ་ཁང་དེ་སྒོ་ཕྱེ་ནས་ལོ་གཅིག་ལྷག་ཙམ་ལས་སོང་མེད་ཀྱང་སྐུ་མགྲོན་མང་པོས་དགའ་པོ་དེ་འདྲ་བྱེད་དོན་གང་ཡིན། གསར་འགོད་པས་དོགས་དྲི་འདིར་ལན་འཚོལ་བར་ཕྱིན་པ་ཡིན།

    འདི་ནི་བསོད་ནམས་མགོན་པོས་ཐབ་ཚང་ནང་དུ་ཤ་མོག་བཟོ་བཞིན་ཡོད་པ།

    ཟ་ཁང་གི་སྒོ་འཛུལ་མ་ཐག་མཐའ་བཞིའི་གྱང་ལྡེབས་སུ་རྩི་དཀར་བྱུགས་ཡོད་པ་དང་གྱང་གི་གཤམ་ངོས་ལ་པང་ལེབ་ཀྱི་མཛེས་བཟོ་བྱས་ཡོད་པ། བལྟས་པ་ཙམ་གྱིས་ཟ་ཁང་ཁམས་གཙང་ཞིང་སྐྱིད་སྣང་དོད་པོའི་ཚོར་བ་ཞིག་སྦྱིན་བྱུང་ལ་རྩིག་པའི་ལྡེབས་སུ་བཀལ་བའི་སྒྲ་སྒམ་ནས་ཉེ་ཆར་དར་སོ་ཆེ་བའི་གཞས་མ་གཏམ་གླུ་གཞས་གཏོང་བཞིན་འདུག གསར་འགོད་པའི་བློ་ངོར་ཟ་ཁང་གི་སྦྱིན་བདག་ནི་ཕལ་ཆེར་རང་ཉིད་དང་ན་མཉམ་ཡིན་པའི་ཚོར་སྣང་ཞིག་བྱུང་ལ་ཟ་ཁང་དེར་འཛད་སྤྱོད་བྱེད་འདོད་པའི་བློ་ཞིག་ཀྱང་སྐྱེས་བྱུང་།

    “ཤ་མོག་ཉི་ཤུ་ཡོང་གི་ཡོད་དོ། མཉེས་པོ་གནང་རོགས”ཞེས་རྔུལ་ལེན་ནག་པོ་གྱོན་ཡོད་པའི་ཕོ་གཞོན་གྲུང་ཤ་དོད་པོ་ཞིག་གིས་ཤིང་གི་སྡེར་མར་བླུགས་པའི་ཤ་མོག་རླངས་པ་འཚུབ་འཚུབ་དང་། སུར་པན་སྡེར་མ་ཆུང་བ་གཉིས། ད་དུང་འཁྱག་པ་བླུགས་པའི་འཐུང་བྱ་གྲང་མོ་གཉིས་བཅས་སྐུ་མགྲོན་མདུན་གྱི་ལྕོག་ཙེའི་སྟེང་དལ་གྱིས་བཞག་པ་དང་། ངོ་གདོང་ལས་འཛུམ་མདངས་མངོན་བཞིན་འདུག་པས། ཟ་ཁང་དེའི་ཞབས་ཞུའི་རྣམ་འགྱུར་ལེགས་པ་དང་སྦྱིན་བདག་ཕོ་གཞོན་ལོ་ཆུང་ཞིག་ཡིན་པ་ཤེས་བྱུང་།

    གསར་འགོད་པས་ཁོ་པ་དང་ཤ་མོག་ཟ་ཁང་དེའི་སྐོར་ལ་དེ་བས་རྒྱུས་ལོན་བྱེད་འདོད་ཆེན་པོ་བྱུང་བས། ཕོ་གཞོན་དེའི་རྗེས་བསྙེགས་ནས་ཟ་ཁང་གི་སྦུག་ཏུ་འཛུལ་བ་ཡིན། ཟ་ཁང་དེར་ཁང་མིག་མདོ་སྦུག་གཉིས་ལས་མེད་པ་དང་། ཁང་པའི་སྦུག་ལ་ཐབ་ཚང་ཡིན་ཞིང་། ཕོ་གཞོན་ཁོང་ཡང་བྲེལ་འཚུབ་ཅུང་ཆེ་བ་མཐོང་། ཁོ་པས་ང་ཚོའི་ཡོང་དོན་ཤེས་རྗེས་དགའ་ཚོར་ཆེན་པོས་ད་ལྟ་ཅུང་བྲེལ་བ་ཆེ་ཙམ་འདུག་རྒན་རྣམ་པ་ངལ་གསོ་ཙམ་གནང་དང་ཞེས་ཁམས་སྐད་ཐོག་ནས་བཤད་བྱུང་།

    ཁོ་པའི་ལས་ཀར་འགོག་རྐྱེན་མི་ཡོང་བའི་ཆེད་དུ་གསར་འགོད་པ་ཐབ་ཚང་གི་སྒོ་ཟུར་དུ་ལངས་ནས་ཁོ་པའི་ལས་ཀར་ཡུད་ཙམ་རིང་བལྟས་ནས་བསྡད་པ་ཡིན།

    ཟ་ཁང་གི་མདོ་སྦུག་གཉིས་ཀ་གཙང་སྦྲ་དོད་ཅིང་། ལྷག་པར་དུ་ཟ་ཁང་སྦུག་གི་ཐབ་ཚང་དེ་མ་གཞི་རྒྱ་ཆེན་པོ་དེ་ཙམ་མེད་ཀྱང་ཐབ་ཚང་ཁྱོན་ཡོངས་ཀྱི་ཐབ་ཆས་སྒྲིག་སྟངས་དང་གཙང་སྦྲ་དོད་ལོས་ལ་བལྟས་ཚེ་ཁོ་པས་དུས་རྒྱུན་ནས་ཐབ་ཚང་ཆུང་ཆུང་དེར་གཙང་སྦྲ་ལེགས་པོ་བྱེད་བཞིན་ཡོད་པ་ཤེས་ཐུབ་ཀྱི་འདུག ད་ལྟ་བཟོས་མ་ཐག་པའི་ཤ་མོག་མོག་ཕྲུ་གསུམ་དེའང་མེ་ཐབ་སྟེང་དུ་མེ་ཆེ་ཤོས་སྤར་ནས་བཙོས་སོང་བས། ཐབ་ཚང་ཆུང་ཆུང་དེར་ཕྱི་རོལ་གྱི་དྲོད་ཚད་དང་མི་འདྲ་བར་ཚ་བ་ཆེ་ཙམ་འདུག འོན་ཀྱང་སྦྱིན་བདག་ཕོ་གཞོན་ཁོང་གིས་སྣང་བ་དེ་ཙམ་མེད་པར་ཨན་འདར་ཐོག་ནས་བྲོ་ཞིབ་པགས་ལེབ་ཅིག་ལངས་ཏེ་ཚགས་ཤ་བླུགས་སྟངས་དེར་བལྟས་པ་ཙམ་གྱིས་ཁོ་པ་ཤ་མོག་བཟོ་བའི་ལག་རྩལ་ལ་བྱང་ཆུབ་པོ་ཡོད་པ་ཤེས་ཐུབ།

    ད་ལོ་ལོ་ཉི་ཤུ་རྩ་དྲུག་ལ་སླེབས་པའི་བསོད་ནམས་མགོན་པོ་ནི་ཤ་མོག་ཟ་ཁང་དེའི་སྦྱིན་བདག་ཡིན་པ་དང་། ཤ་མོག་ཟ་ཁང་དེ་སྒོ་ཕྱེ་ནས་ལོ་གཅིག་ལྷག་ཙམ་ལས་སོང་མི་འདུག འོན་ཀྱང་ཤ་མོག་ཟ་ཁང་དེར་སྐུ་མགྲོན་མང་པོས་དགའ་པོ་བྱེད་དོན་གང་ཡིན་ནམ། ཁྱེད་རང་དེ་སྔོན་ཤ་མོག་ཟ་ཁང་བཙུགས་མྱོང་ངམ་ཞེས་གསར་འགོད་པས་དྲིས་པར། ཕ་ཡུལ་ཆབ་མདོ་དཔལ་འབར་རྫོང་ས་སྟེང་ཤང་ནས་ཡིན་པའི་བསོད་ནམས་མགོན་པོས་སྐྱེས་པ་ཕོས་བཟོས་པའི་ཟ་མ་དེ་བྲོ་བ་ཞིམ་པའི་ཤོད་སྟངས་འདུག དེས་བྱས་པ་མིན་འགྲོ་ཞེས་ཀུ་རེའི་ཚུལ་དུ་ལན་བཏབ་བྱུང་།

    བསོད་ནམས་མགོན་པོ་ནི་ཁྲེང་ཏུའུ་ཡི་ཆེད་ཚན་སློབ་གྲྭ་ཞིག་ཏུ་རྩིས་འཁོར་ཆེད་ལས་ལ་སློབ་སྦྱོང་བྱས་པ་དང་2021ལོར་སློབ་མཐར་ཕྱིན་རྗེས་གཞུང་ཞབས་པའི་ཡིག་རྒྱུགས་ཐེངས་འགའ་བཏང་ཡང་གྲུབ་འབྲས་བཟང་པོ་ཐོབ་མི་འདུག འོན་ཀྱང་ཕོ་རྒོད་པོ་བཟས་ནས་མ་ཕུང་ཉལ་ནས་ཕུང་ཟེར་བ་ལྟར། ལས་ཞུགས་ཀྱི་ཡིག་རྒྱུགས་རེ་ཟུང་གིས་འཚོ་བའི་ཁ་ཕྱོགས་ཡོངས་སུ་གཏན་འཁེལ་བྱས་པ་མིན་པར། སེམས་སྡུག་རྒྱབ་ཏུ་བསྐྱུར་ཞིང་ངར་ཤུགས་ཁོག་ཏུ་རུམ་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་པར་འབུངས།

    འདི་ནི་བསོད་ནམས་མགོན་པོས (གཡས) བཅར་འདྲི་དང་ལེན་བྱེད་བཞིན་པ།

    སློབ་མཐར་ཕྱིན་རྗེས་ཀྱི་ལོ་གསུམ་ལྷག་ཙམ་རིང་། བསོད་ནམས་མགོན་པོས་སྔ་རྗེས་སུ་ཟ་མ་མངགས་སྐྱེལ་མཁན་དང་། བདེ་སྲུང་མི་སྣ། ཁ་ལོ་བ་སོགས་བྱེད་མྱོང་ལ། ཡང་དགོང་ཁྲོམ་དུ་དཔེ་ཆ་འཚོང་བ་སོགས་ལས་ཀ་ཙག་ཙིག་སྣ་ཚོགས་བྱས་མྱོང་བས། དཔེ་དེབ་ཀྱི་དྲི་བཟུང་འཐུལ་བའི་སློབ་ཆེན་གྱི་ཁོར་ཡུག་ནས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་སྣ་ཚོགས་ཁྲོད་དུ་སྦྱོང་བརྡར་ཆེ་ཆུང་མང་པོ་ཐེབས་ཡོད་ལ། གཙོ་བོ་མ་འོངས་པའི་འཚོ་བའི་ལམ་བུར་ཉམས་མྱོང་མང་པོ་གསོག་འཇོག་ཐུབ་ཡོད།

    ཉིན་ལྟར་ཐོ་རེངས་ཆུ་ཚོད་དྲུག་པར་དུས་ཐོག་ཏུ་གཉིད་ལས་སད་མཁན་ནི་རྔས་མགོའི་ཆུ་ཚོད་ཀྱི་ཅོང་སྒྲ་མིན་པར་ང་རང་གི་ཕུགས་བསམ་རེད་འདུག་ཅེས་བསོད་ནམས་མགོན་པོས་བཤད། ཁ་ངོ་ལེགས་པར་བཀྲུས་ནས་ཞོགས་ཟས་བཟས་ཚར་རྗེས་བསོད་ནམས་མགོན་པོས་སེམས་ཤུགས་ཀྱིས་ཁེངས་བཞིན་གྲོང་ཁྱེར་གྱི་སྲང་ལམ་ཀྱག་ཀྱོག་བརྒྱུད་གོམ་ཞེང་ཆེན་པོས་ཟ་ཁང་གི་ཕྱོགས་སུ་བསྐྱོད།

    དང་ཐོག་ཐབ་ཚང་གི་གཙང་སྦྲ་ནས་འགོ་ཚུགས་ཏེ། ཆུ་བཀོལ་བ་དང་། ཤ་གཏུབས་པ། གྲོ་ཞིབ་བརྫིས་པ་སོགས་ཉིན་གཅིག་གི་ལས་བྲེལ་ཚུགས་ཤིང་། ཤ་མོག་བཟོ་བའི་བརྒྱུད་རིམ་གཅིག་ལའང་སྣང་ཆུང་མི་བྱེད་པར་ཞིབ་ཚགས་དང་ནན་ཏན་བྱེད་ཀྱི་ཡོད། བསོད་ནམས་མགོན་པོས་གསར་འགོད་པར་བཤད་དོན། ང་རང་ཡང་ལས་ཀ་འདྲ་མིན་སྣ་ཚོགས་བྱས་མྱོང་བས་མི་ཕན་ཚུན་བར་གྱི་ཡིད་ཆེས་ནི་ཤིན་ཏུ་རྩ་ཆེ་བ་ཞིག་རེད་འདུག ངའི་ཟ་ཁང་ལ་ཕེབས་མཁན་གྱི་སྐུ་མགྲོན་ཚང་མ་ང་རང་ལ་ཡིད་ཆེས་བྱེད་མཁན་ཤ་སྟག་རེད། ངས་ཟ་ཁང་གི་གཙང་སྦྲ་དང་། རྒྱུ་ཆའི་འགན་ལེན། བྲོ་བ་ཞིམ་པོ། སྐྱིད་སྣང་དོད་པོ་བཅས་ཡོང་བ་བྱས་ནས་འཛད་སྤྱོད་སྐུ་མགྲོན་ཚོ་བློ་ཕམ་མི་ཡོང་བ་བྱེད་བཞིན་ཡོད།

    ལས་ཀ་གང་བྱས་ཀྱང་དཀའ་ངལ་མི་འཕྲད་པ་ཅི་ལ་སྲིད། བསོད་ནམས་མགོན་པོའང་སློབ་ཆེན་ཐོན་ནས་ཡུན་རིང་པོ་སོང་མེད་སྟབས་དང་ཐོག་མར་ཤ་མོག་ཟ་ཁང་བཙུགས་སྐབས་མ་དངུལ་མི་འདང་བའི་དཀའ་ངལ་འཕྲད་འདུག འོན་ཀྱང་ཁོ་པས་རང་ཉིད་ཀྱི་ཟ་ཁང་འཛུགས་པའི་ཐོག་མའི་བསམ་འདུན་མངོན་འགྱུར་ཡོང་ཕྱིར། དཀའ་ངལ་རེ་རེ་བཞིན་གདོང་གིས་བསུས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ཏེ་མཐར་ཤ་མོག་ཟ་ཁང་དེ་ཚོང་གཉེར་བྱེད་འགོ་བཙུགས།

    གསར་འགོད་པ་ཐབ་ཚང་གི་སྒོ་འགྲམ་དུ་ཅུང་ཙམ་ལངས་ནས་ཁོ་པའི་ལས་ཀར་ལྟ་ཞིབ་བྱེད་པའི་རིང་དུ་ཐབ་ཚང་ཆུང་ཆུང་དེར་ཚ་བ་ཆེན་པོ་ཡོད་པ་མངོན་གསལ་གྱིས་ཚོར་བྱུང་། འོན་ཀྱང་ལས་ཀ་འདྲ་མིན་སྣ་ཚོགས་བྱས་མྱོང་ཞིང་དཀའ་ངལ་ཆེ་ཆུང་སྣ་ཚོགས་ཁྱད་བསད་བྱས་མྱོང་བའི་བསོད་ནམས་མགོན་པོའི་ངོས་ནས་བརྗོད་ན། འཕྲད་མྱོང་བའི་དཀའ་ངལ་རེ་རེ་ནི་ཁོ་པའི་མི་ཚེའི་ལམ་བུའི་ཐོག་གི་སེམས་ཤུགས་རེ་རེ་བསྐྱེད་པའི་འབྱུང་རྩ་མིན་པ་ཅི་ལ་སྲིད།

    འདི་ནི་ལས་ཞོར་དུ་བསོད་ནམས་མགོན་པོས་ལུས་སྦྱོང་བྱེད་བཞིན་པ།

    གནའ་གྲོང་ལྷ་ས་འདི་ཉིད་དུ་བསོད་ནམས་མགོན་པོ་འདྲ་བའི་གཞོན་སྐྱེས་མང་པོས་ལས་རིགས་འདྲ་མིན་སྣ་ཚོགས་ཀྱི་ཁྲོད་དུ་ལང་ཚོའི་མཛེས་པ་སྐྱེས་སུ་ཕུལ་ཞིང་། ཀྱག་ཀྱོག་གི་མི་ཚེའི་ལམ་ཆེན་ཐོག་ཆེས་སྤྱིར་བཏང་གི་ལས་གནས་ནས་རྐང་པ་བརྟན་པོ་བཙུགས་ཏེ་རང་ཉིད་ཀྱི་ཕུགས་འདུན་དེ་ཆེས་ཆུང་ཙག་གི་ལས་ཀ་རེ་རེ་ནས་འགོ་རྩོམ་བཞིན་ཡོད་ལ། གཞོན་སྐྱེས་མང་པོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་དང་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་འགྱུར་ལས་གནའ་གྲོང་འདི་ཉིད་ཀྱང་དུས་ཀྱི་འཕོ་འགྱུར་དང་འགྲོགས་ནས་གསོན་ཤུགས་དེ་བས་འཕེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།