མངོན་མིན་རིག་གནས་དར་སྤེལ་བཏང་། གྲོང་གསེབ་དར་རྒྱས་ཡོང་བར་འབད།
ཧྭ་གློག་བོད་ལྗོངས་ཀུང་སིས་ཝེ་འཕྲང་གྲོང་ཚོའི་ཤིང་བརྐོས་ཐོན་ལས་འཕེལ་རྒྱས་ལ་གནད་སྨིན་རོགས་སྐྱོར་བྱས་པ།
འདི་ནི་བརྐོས་རྒྱག་མཁན་ཚོས་ཤིང་བརྐོས་རྒྱག་བཞིན་པ།
ཞོགས་པའི་འབྲི་ཆུ་གཙང་པོར་སྨུག་པ་ད་དུང་ཡལ་མེད་ཅིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོའི་ཤིང་བརྐོས་འཁོར་ཁང་ནང་ཞོགས་པ་སྔ་པོ་ནས་ཤིང་བརྐོས་རྒྱག་པའི་སྒྲ་གྲགས་འོང་། ལོ་64ལ་སླེབས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་འཕེལ་གྱིས་ན་གཞོན་དགེ་ཕྲུག་རིགས་དཀར་གྱི་ལག་པ་ནས་འཇུས་ཏེ་མཁྲེགས་ཤིང་དམར་པོའི་སྟེང་དུ“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་དག་བརྐོས།
སྤོ་ལོ་སྐུ་ཚེའི་བརྐོས་རྒྱག་བཟོ་རྩལ་ལ་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་ཞིང་། དེ་སྔ་ཐོན་ལས་ཉམས་རྒུད་དུ་ཕྱིན་པའི་དབང་གིས་སྟོངས་ལ་ཁད་དུ་གྱུར། 2017ལོར་གྲོང་ཚོ་ཡོངས་སུ་བརྐོས་རྒྱག་མཁན་20ལྷག་ཙམ་ལས་མེད་པ་དང་ཟླ་རེའི་ཡོང་འབབ་སྒོར་ཆིག་སྟོང་ཙམ་ཡང་ཟིན་གྱི་མེད་པའི་ཁར། ལག་ཤེས་སྦྱོང་འདོད་ཀྱི་ན་གཞོན་དགེ་ཕྲུག་དེ་བས་དཀོན།
2018ལོ་ནས་བཟུང་ལག་རྩལ་དེ་མི་ཉམས་གོང་འཕེལ་གཏོང་བའི་གོ་སྐབས་ཐོབ་པ་སྟེ། ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཨུད་ཀྱིས་ཏང་ཡོན་གྱི་རྐང་འཛིན་པ་ཝེ་འཕྲང་གྲོང་ཚོར་བཅའ་སྡོད་བྱེད་པར་མངགས། བཅར་འདྲི་དང་བརྟག་དཔྱད་བྱས་པ་བརྒྱུད། ཁོང་ཚོར་གྲོང་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི“ལྡེ་མིག”ལྟ་བུ་ཞིག་བརྙེད་པ་སྟེ་ཤིང་བརྐོས་ལག་རྩལ་དེ་རེད། ཡུལ་མི་ཚོར་དེ་ལྟ་བུའི་ལག་རྩལ་ཞིག་ཡོད་ཀྱང་ད་བར་བེད་སྤྱོད་ཡག་པོ་གཏོང་ཐུབ་མེད། གྲོང་སྡོད་ཏང་ཡོན་ཚོས་ལམ་སེང་མི་དམངས་ཀྱི་ཆེད་དུ་ལས་དོན་ཞིག་སྒྲུབ་རྒྱུའི་སེམས་ཐག་བཅད།
གྲོང་སྡོད་ཏང་ཡོན་ཚོས་རིག་གནས་ཀྱི་ནོར་བུ་དེར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ནས་འོད་ཟེར་འཕྲོ་བར་བྱས།
ཁ་བཤད་དོན་ཐོག་ཏུ་འཁྱོལ་བ། ཧྭ་གློག་གྲོང་སྡོད་ཏང་ཀྲི་པུའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་དང་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྨུགས་སངས་མི་རིགས་ལག་ཤེས་སྒྱུ་རྩལ་ཀུང་སི་འཛུགས་རོགས་བྱས་ནས་སྲིད་གཞུང་གི་མ་དངུལ་སྒོར་ཁྲི་535བརྩོན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཧྭ་གློག་ཀུང་སིས་སྒོར་ཁྲི་150ལྷག་ཙམ་ཞལ་འདེབས་བརྒྱབ་སྟེ་སྨི་ངོས་གྲུ་1200ཟིན་པའི་ཤིང་བརྐོས་འཁོར་ཁང་བསྐྲུན་པ་དང་ལེ་ལག་ཚང་བའི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། ཐོན་ལས་འཕེལ་རྒྱས་ལ་མཁྲེགས་ཆས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
“ཐོན་སྐྱེད་ཐུབ་པ”ཐག་གཅོད་བྱེད་དགོས་ལ“འཚོང་ཐུབ་པ”དང“རྒྱུན་མཐུད་ཐུབ་པའི”གནད་དོན་དེ་བས་ཐག་གཅོད་བྱེད་དགོས། གྲོང་སྡོད་ཧྭ་གློག་ཀུང་སིའི་ཏང་ཡོན“ཁྲོམ་ར་གསར་འབྱེད་པར”བསྒྱུར་ནས་ས་ཕྱོགས་གང་སར་བསྐྱོད་དེ་བསྡོམས་སྒོར་ཁྲི་4000ཟིན་པའི་དུས་ཡུན་ལོ་10ཡི་དངོས་ཟོག་མཁོ་འདོན་གྱི་གྲོས་མཐུན་བཞག་ནས་ཤིང་བརྐོས་ཐོན་རྫས་ལ་བརྟན་ཞིང་བློས་འགེལ་ཆོག་པའི་ཕྱིར་གཏོང་ཁྲོམ་ར་བཏོད་པས་ཡུལ་མིའི་སེམས་ཁྲལ་རྦད་དེ་བསལ་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་འཕེལ་སོགས་གདན་དྲངས་ནས་བརྒྱུད་རིམ་ལྡན་པའི་རྩལ་ནུས་གསོ་སྦྱོང་བྱས་ཏེ་བཟོ་པའི་ལག་རྩལ་གྱི་ཆུ་ཚད་དང་ཐོན་སྐྱེད་ལས་ཆོད་མཐོ་རུ་བཏང་ཡོད།
2025ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན། ཤིང་བརྐོས་ཐོན་ལས་ལས་ཝེ་འཕྲང་གྲོང་ཚོའི་མང་ཚོགས་ལ་ཡོང་འབབ་བསྡོམས་སྒོར་ཁྲི་1900ཙམ་བྱུང་ཡོད། གྲོང་ཚོ་ཡོངས་ཀྱི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་2017ལོའི་སྒོར་3600ནས་ད་ལྟའི་སྒོར་ཁྲི་1.4བར་མང་དུ་ཕྱིན་ནས། ཡུལ་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པ་མ་ཟད། མ་འོངས་པར་རེ་བས་ཁེངས་ཡོད། སྔོན་མ་ཕྱིར་གླ་པ་རྒྱུག་མཁན་གཞོན་ནུ་མང་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཕ་ཡུལ་ལ་ལོག་ནས་རང་འགུལ་ངང་ཤིང་བརྐོས་ལག་རྩལ་སྦྱོང་གི་ཡོད། ཤིང་བརྐོས་འཁོར་ཁང་དུ་ཆེད་ལས་ལག་རྩལ་མི་སྣ་100ལྷག་ཙམ་གསོ་སྐྱོང་བྱས་པ་དང་རྩ་ཆེའི་སྤོ་ལོ་སྐུ་ཚེའི་བརྐོས་རྒྱག་བཟོ་རྩལ་དེ་ཉིད་ཐོན་ལས་ཅན་འཕེལ་རྒྱས་ཁྲོད་རྒྱུན་འཛིན་དང་དར་སྤེལ་ནུས་ལྡན་བྱུང་ཡོད།
དེ་ནས་འཕེལ་རྒྱས་ཀྱི་གོམ་སྟབས་སྤོ་མཚམས་བཞག་མེད། གྲོང་སྡོད་ཧྭ་གློག་ཀུང་སིའི་ཏང་ཡོན་གྱིས“ཏང་འཛུགས་སྐྱོང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟུང་འབྲེལ”གྱི་འཕེལ་རྒྱས་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ་ཐོན་ལས་ཚད་རིམ་གཉིས་སྤར་ལ་སྐུལ་འདེད་བཏང་ཡོད། ཕྱོགས་གཅིག་ནས་ནུས་ཤུགས་ཡོད་རྒུས“སྤུས་ལེགས་ཤིང་བརྐོས”ཀྱི་སྤུས་རྟགས་བཏོད་ཅིང་། “ཀུ་བྲིས་བོད་ཡིག་ཡིག་གཟུགས”སོགས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་པའི་ཤིང་བརྐོས་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་ནས། ཐོན་རྫས་རིགས་30ལྷག་ཙམ་བར་རྒྱ་སྐྱེད་བཏང་སྟེ་སྒྱུ་རྩལ་གྱི་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཞིང་། རྨུགས་སངས་མི་རིགས་ལག་ཤེས་སྒྱུ་རྩལ་ཀུང་སི་ནི་ཤིང་བརྐོས་རྐྱང་པའི་བཟོ་གྲྭ་ནས་བཟོ་རྩལ་ཐོན་རྫས་བརྐོས་རྒྱག་དང་། སྤོས་བཟོ་བ། ཡིག་གཟུགས་གསར་གཏོད། རྩལ་ནུས་གསོ་སྦྱོང་། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཕྱུག་འགྱུར་ཐོན་ལས་རུབ་འདུས་བྱ་ཡུལ་དུ་འཕེལ་རྒྱས་བཏང་བས་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་པ་དང་ཡུལ་མིའི་འཚོ་བ་ཡང་དེ་བས་ཡག་ཏུ་ཕྱིན་ཡོད།
ད་ཆ་ཝེ་འཕྲང་གྲོང་ཚོའི་ཤིང་བརྐོས་ཐོན་ལས་དེ་འཇོ་མདའ་རྫོང་དང་ཐ་ན་ཆབ་མདོ་གྲོང་ཁྱེར་གྱི་མིང་བྱང་གྲགས་ཅན་ཞིག་ཏུ་གྱུར་ཏེ“སྤོ་ལོའི་ཤིང་བརྐོས”ཀྱི་གྲགས་པ་ཕྱོགས་བཞིར་ཁྱབ། 2023ལོའི་ཟླ་དགུ་པར་རྒྱུན་འཛིན་པ་ཚེ་འཕེལ་གྱིས་སྤོ་ལོ་སྐུ་ཚེའི་ཤིས་བརྐོས་བརྩམས་ཆོས་འཁྱེར་ནས་ཧྲེན་ཀྲེན་གྱི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་སྤེལ་རེས་ཚོགས་འདུ་སྐབས་བཅུ་པའི་ཐོག་སྟོན་པ་དང་། 2024ལོར“སྤོ་ལོ་སྐུ་ཚེའི་ཤིང་བརྐོས”དེ་རྒྱལ་ཁབ་བརྡ་ཁྱབ་ཞིབ་འཇུག་ཁང་གི་ལོ་འཁོར་གྱི་ཕུལ་བྱུང་སྤུས་རྟགས་དཔེ་མཚོན་ནང་བདམས་པ། ཤིང་བརྐོས་ཀུང་སི་ཡང་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་དཔེ་སྟོན་ཁུལ་དུ་བདམས་ནས་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།
(བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས)
འབྲེལ་ཡོད་གསར་འགྱུར།