མུན་སེལ་སྒྲོན་མེ།
དྲིན་བཤེས་གཉེན་ཉི་ཟླ་ཆ་འགྲིག་གི །
ཡིད་སྐྱོ་ངལ་མེད་པའི་བྱམས་སེམས་དང་། །
རྒྱུད་ཀུན་སློང་གཙང་མའི་ལྷག་བསམ་གྱི། །
འོད་ཕྱོཊ་བཅུར་འཕྲོ་བའི་བཀྲ་ཤིས་ཤོག །
དགུང་ཨ་སྔོན་བཅུ་གཉིས་བདག་པོ་ཡིས། །
ཡུལ་འཛམ་བུའི་གླིང་གི་མུན་པ་སེལ། །
དྲིན་ཟླ་ཟེར་དཔེ་ཆའི་སྣང་བ་ཡིས། །
དམན་འགྲོ་བའི་བློ་མུན་སེལ་བར་ཤོག །
གསལ་ཐོས་པའི་སྒྲོན་མེ་མ་ཐོགས་པར། །
མུན་གཏི་མུག་དགྲ་བོ་ཇི་ལྟར་འཇོམས། །
རྣོ་དཔེ་ཆའི་མཚོན་ཆ་མ་ཐོགས་པར། །
རྨོངས་མ་རིག་རྩ་མེད་ཇི་ལྟར་བཟོ། །
བློ་རིག་པ་འགྲིམས་ས་ཤེས་བྱ་རེད། །
སེམས་བསམ་པ་ཤེས་བྱའི་གནས་ལ་འབུངས། །
མང་ཐོས་པའི་ནོར་བུ་ལོན་གྱུར་ན། །
རང་མི་ཚེར་དོན་སྙིང་ལྡན་པར་གྱུར། །
རིག་ཐོས་པ་མི་ཚེའི་སྙིང་པོ་རེད། །
བློའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་རེད། །
རིག་ལང་ཚོ་དར་བའི་དུས་འདི་ལ། །
བློ་གཏད་ས་དཔེ་དེབ་ཁོ་ནས་ཆོག །
བྲེལ་འཚུབ་འཚུབ་རིག་པའི་རྐང་ལམ་དུ། །
མངར་སིལ་སིལ་དཔེ་ཀློག་བདུད་རྩིར་རོལ། །
ཡིད་མུག་མུག་བག་མེད་རྒྱང་ལ་བསྐྱུར། །
བདེ་ལྷང་ལྷང་རེ་བའི་གླུ་ཆུང་ལོངས། །
འབྲེལ་ཡོད་གསར་འགྱུར།