ང་རང་ཡར་ཀླུང་གཙང་པོར་དགའ།
གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ཚེ། སྙན་འཇེབས་ཚིག་གིས་ཡར་ཀླུང་གཙང་པོའི་ཆལ་ཆིལ་དུ་གཡོ་བའི་རྦ་རླབས་ལ་བསྔགས་བརྗོད་བྱེད་སྲིད། གལ་ཏེ་ང་རང་རི་མོ་མཁན་ཞིག་ཡིན་ཚེ། ཚོན་མདོག་སྣ་ལྔ་སྤྱད་ནས་ལང་ལོང་དུ་འབབ་པའི་ཡར་ཀླུང་གཙང་པོའི་བརྗིད་ཉམས་རི་མོར་འབྲི་སྲིད། གལ་ཏེ་ང་རང་གྲེ་འགྱུར་སྙན་པའི་གཞས་མ་ཞིག་ཡིན་ཚེ། ཡར་ཀླུང་གཙང་པོའི་དལ་འབབ་ཀྱི་འགྲོས་ལ་སྙན་འཇེབས་གླུ་ཡིས་བསྟོད་སྲིད།
ཡར་ཀླུང་གཙང་པོ་ནི་གྱ་གྱུའི་འགྲོས་དང་བཅས་ཏེ་ཆུ་སྣ་སྟོང་ཕྲག་སྡུད་བཞིན་ལང་ལོང་དུ་རྒྱུག་པ་དང་། ཆུ་བོ་འདི་ནི་ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ཅིང་། དེ་ཤར་ཕྱོགས་སུ་བབས་ཏེ་མྱང་སྨད་གཞིས་ཀ་རྩེར་མྱང་ཆུ་དང་འདྲེས་པ་དང་། གཙང་ནས་དབུས་སུ་འབབ་དུས་ཆུ་ཤུར་དུ་ལྷ་སའི་སྐྱིད་ཆུ་དང་འདྲེས་ལ། ལྷོ་ཁ་སྣེ་གདོང་རྫོང་གི་ཡར་ཀླུང་ཡུལ་དུ་འབབ་སྐབས་ཡུལ་མིང་ཆུ་ལ་ཐོགས་ནས་ཡར་ཀླུང་གཙང་པོ་ཞེས་ཟེར། དེ་ནས་མུ་མཐུད་ཤར་ཕྱོགས་སུ་རྒྱུག་སྟེ། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་སུ་གཏད་དེ་རྒྱ་གར་དང་བྷང་ག་ལ་བརྒྱུད་མཐར་ཧིན་རྡུ་རྒྱ་མཚོའི་ནང་དུ་འབབ་ཀྱི་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་2900ཙམ་ཡོད།
ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་རི་ཀླུང་དུ་གསོམ་སྡོང་དང་ཤུག་པ། སྦྱར་པ་དང་སྟག་པ། ལྕང་མ་དང་གླང་མ་སོགས་ཤིང་རིགས་སྣ་ཚོགས་སྐྱེས་ཏེ་ནགས་ཀླུང་སྟུག་པོ་རྒྱས་ཤིང་། གངས་ཅན་བོད་ཀྱི་ཡུལ་ལྗོངས་མཛེས་པར་བརྒྱན་པ་དང་། ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བའི་ཚལ་དུ་བྱ་དང་བྱིའུས་སྐད་སྙན་སྒྲོག་པ་དང་། གཅན་གཟན་དང་། རི་དྭགས། འདབ་ཆགས་བཅས་བག་ཡངས་སུ་རྒྱུ་བཞིན་ཡོད། ནགས་ཚལ་དང་གཅན་གཟན། སྒོ་ཕྱུགས་དང་རི་དྭགས། འདབ་ཆགས་དང་འབུ་སྲིན་བཅས་ནམ་ཡང་ཡར་ཀླུང་གཙང་པོ་དང་འབྲལ་ཐབས་མེད་པས། དེ་ནི་གཙང་པོའི་རྒྱུད་དུ་གནས་པའི་དབུགས་ལྡན་སྐྱེ་འགྲོ་ཀུན་གྱི་ལུས་ཟུངས་བསྐྱེད་པའི་ཁྲག་རྩ་ལྟ་བུ་ཡིན། གལ་ཏེ་ཡར་ཀླུང་གཙང་པོ་མེད་ན། གནས་འདིའི་སྐྱེ་དངོས་སྲོག་ཆགས་སོགས་ཀྱང་ཡོད་མི་སྲིད་དོ།།
ཡར་ཀླུང་གཙང་པོའི་གཡས་གཡོན་གྱི་བདེ་ཞིང་ཡངས་པའི་ས་ཆ་ནི་བོད་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན། དེ་གའི་ས་ཞིང་གཤིན་པོ་ལས་གྲོ་དང་། ནས། འབྲས། སྲན་མ། ཏིལ་སོགས་འབྲུ་རིགས་སྣ་ལྔ་སྐྱེ་བ་མ་ཟད། ད་དུང་ཉུང་མ་དང་ལ་ཕུག སྒོག་པ་དང་སུར་པན་སོགས་ཀྱི་ཚལ་རིགས་ཀྱང་སྣ་ཚོགས་སྐྱེས་ཏེ། ས་གནས་དེ་གའི་མང་ཚོགས་ཚོར་འདོད་རྒུའི་ལོངས་སྤྱོད་སྐྲུན་གྱི་ཡོད། གལ་ཏེ་ཡར་ཀླུང་གཙང་པོ་མེད་ན། མཛེས་སྡུག་ལྡན་པའི་བོད་ཀྱང་ཡོད་མི་སྲིད་དོ།།
དཔྱིད་ཀར། ས་གཞིར་དྲོད་རྒྱས་ཤིང་རྩྭ་དང་རྩི་ཤིང་གི་མྱུ་གུ་འབུས་པ་དང་། ནགས་ཚལ་དང་སྤང་རི་སྔོ་ལྗང་དུ་གྱུར་པ། ཁམ་སྡོང་ལ་སོགས་འབྲས་ལྡན་སྡོང་པོར་མེ་ཏོག་བཞད་ནས་དྲི་བསུང་འཐུལ་བ། འདབ་མ་རབ་ཏུ་རྒྱས་ཤིང་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་གི་གསེབ་ནས་ཁུ་བྱུག་སྔོན་མོས་སྙན་པའི་གྲེ་འགྱུར་ལྷང་ལྷང་སྒྲོག་པའི་དུས་སུ། ཞིང་པ་རྣམས་ཀྱིས་ཐོ་ཕྲུག་གི་ཁ་ལོ་བསྒྱུར་ནས་ས་བོན་འདེབས་པ་དང་། དྭངས་ཤིང་བསིལ་བའི་ཡར་ཀླུང་གཙང་པོའི་ཆུ་བོ་ཡུར་བུར་དྲངས་ཏེ་ས་ཞིང་ལ་གཏོང་ཞིང་། ཁོ་ཚོའི་བཞིན་ལས་ལོ་ལེགས་ཡོང་བའི་འཛུམ་མདངས་མངོན། ཡར་ཀླུང་གཙང་པོས་ལས་ལ་བརྩོན་པའི་ཞིང་པ་རྣམས་ལ་རེ་བ་དང་བདེ་སྐྱིད་འཛད་མཐའ་མེད་པ་སྦྱིན།
ནམ་དུས་བཞིའི་གནམ་གཤིས་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཡར་ཀླུང་གཙང་པོའི་འབབ་རྒྱུན་གཏན་ནས་ཆད་མི་སྲིད། རྒྱུ་མཚན་ནི་འདིའི་ཆུ་མགོ་སྲིད་པའི་གངས་རིར་ཐུག་ཅིང་། གངས་ཆུ་དང་རྫ་ཆུ། ནགས་ཆུ་དང་སྤང་ཆུ་སོགས་ཆུ་སྣ་སྟོང་ཕྲག་འདུས་པའི་ཆུ་བོ་ཞིག་ཡིན་པའི་རྐྱེན་གྱིས་ཡིན་ནོ།།
ཡར་ཀླུང་གཙང་པོ་ཉིན་མཚན་ཀུན་ཏུ་རྒྱུན་མི་ཆད་པར་རྒྱུག་པ་ནི། ཆུ་བོ་དེར་འཛད་མཐའ་མེད་པའི་སྟོབས་ཤུགས་དང་། ཞུམ་པ་མེད་པའི་སྙིང་སྟོབས། ཉམས་པ་མེད་པའི་བརྩོན་འགྲུས་བཅས་ལྡན་པའི་རྐྱེན་གྱིས་ཡིན། ང་རང་ཡར་ཀླུང་གཙང་པོའི་ཆལ་ཆིལ་དུ་གཡོ་བའི་རྦ་རླབས་དང་དལ་བུར་འབབ་པའི་འགྲོས་ལ་དགའ་བ་དང་། རྔམ་ཞིང་བརྗིད་པའི་ཉམས་དང་འཛད་མཐའ་མེད་པའི་རྒྱུན་ལ་དེ་བས་ཀྱང་དགའ། (སློབ་ཆུང་བོད་ཡིག་བསླབ་གཞི་ལས་དྲངས)
འབྲེལ་ཡོད་གསར་འགྱུར།