དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གངས་ལྗོངས་ཀྱི་ལོ་ངོ་དྲུག་ཅུའི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་དབང་དར་རྒྱས།   |     སྤེལ་དུས།  2025-08-10

    ལོ་ངོ་དྲུག་ཅུའི་དུས་ཚོད་ནང་། །

    དམངས་ཀྱི་འཚོ་བའི་འཕེལ་རྒྱས་ནི། །

    དབྱར་གྱི་ཆུ་གཏེར་རྒྱས་པ་བཞིན། །

    འཕེལ་རྒྱས་གོམ་འགྲོས་ཧ་ཅང་མྱུར། །


    སྔོན་ཆད་སྡོད་ཁང་ཆ་རྐྱེན་ནི། །

    རྒྱ་ཁྱོན་ཧ་ཅང་ཆུང་བའི་ཁར། །

    མུན་པ་ཧ་ཅང་སྟུག་པས་ན། །

    ཕྱུགས་ཀྱི་ར་བ་ལྟར་དུ་སྣང་། །


    ད་ལྟའི་སྡོད་ཁང་ཆ་རྐྱེན་ནི། །

    རྒྱ་ཁྱོན་ཧ་ཅང་ཆེ་བའི་ཁར། །

    ཁང་པའི་བཟོ་བཀོད་མཛེས་པས་ན། །

    རྒྱལ་པོའི་ཕོ་བྲང་ལྟ་བུར་སྣང་། །


    སྔོན་ཆད་ལོ་ཟླའི་འཕེལ་འགྲིབ་ནང་། །

    འཚོ་བའི་རྨང་གཞི་ཞན་པའི་ཁར། །

    ཟས་གོས་ཧ་ཅང་དབུལ་བས་ན། །

    ངན་ངོན་འཚོ་བར་ཡི་རེ་མུག །


    ད་ལྟའི་དུས་བཟང་འདི་ལ་ནི། །

    འཚོ་བའི་ཆ་རྐྱེན་བཟང་བར་བརྟེན། །

    ལོངས་སྤྱོད་ཀླུ་དང་མཉམ་བཞིན་དུ། །

    ཟས་གོས་ལ་སོགས་འབེལ་ལྷུག་ལྷུག །


    སྔོན་ཆད་དུས་ཚོད་ནང་ལ་ནི། །

    ཕྱོགས་བཞིའི་ཡུལ་ལུང་བསྐོར་བ་སོཊ། །

    རྣ་བས་ཐོས་པ་ཙམ་ཞིག་ལས། །

    འགྲོ་རྒྱུ་ཉིན་མོའི་རྨི་ལམ་རེད། །


    ད་ཆའི་དུས་བཟང་འདི་ལ་ནི། །

    དཔལ་འབྱོར་ཆ་རྐྱེན་བཟང་བར་བརྟེན། །

    ཡུལ་ལུང་མང་པོར་ལྟད་མོར་ཕྱིན། །

    བདེ་སྐྱིད་དཔལ་ལ་ཅི་དགར་རོལ། །


    སྔོན་ཆད་ལམ་བུའི་སྟེང་ལ་ནི། །

    ལམ་སྒྲོན་ཟེར་བའི་མིང་ཡང་མེད། །

    མཚན་མོ་ཕྱི་ལ་འགྲོ་བའི་དུས། །

    སྦར་ཉུལ་རྒྱག་དགོས་འཁེལ་ནས་བྱུང་། །


    ད་ལྟའི་དུས་བཟང་འདི་ལ་ནི། །

    གཞུང་ལམ་ལ་སོགས་གང་ས་རུ། །

    གློག་སྒྲོན་འོད་མདངས་བཀྲ་བས་ན། །

    ཉིན་མཚན་དབྱེ་བ་འབྱེད་པར་དཀའ། །


    སྔོན་ཆད་དུས་སྐབས་ནང་ལ་ནི། །

    སྐོམ་སེལ་འཐུང་ཆུ་ལེན་པར་ཡང་། །

    ཆུ་ཟོམ་སྒལ་པར་ཁུར་ནས་ནི། །

    ཐག་རིང་ཡུལ་དུ་འགྲོ་དགོས་ཡོད། །


    ད་ལྟའི་དུས་བཟང་འདི་ལ་ནི། །

    རང་འབབ་ཀ་ལ་ཡོད་པར་བརྟེན། །

    འཐུང་ཆུ་སྒོ་རྩར་ཡོད་པས་ན། །

    ཆུ་ཟོམ་ཡིན་ཡང་རྒན་ཡོལ་ཞུས། །


    སྔོན་ཆད་དུས་སྐབས་ནང་ལ་ནི། །

    རླངས་འཁོར་ཧ་ཅང་ཉུང་བས་ན། །

    སྒེར་གྱིས་རླངས་འཁོར་སྤྱོད་རྒྱུ་ནི། །

    སྟོང་བསམ་ཙམ་ལས་མངོན་འགྱུར་དཀའ། །


    ད་ལྟའི་དུས་བཟང་འདི་ལ་ནི། །

    སྒེར་གྱི་རླངས་འཁོར་ཆེ་མ་ཆུང་། །

    ནམ་མཁའི་སྐར་མའི་ཚོགས་བཞིན་དུ།

    ཧ་ཅང་མང་བས་མིག་ཟུང་འཁྲུལ། །


    ལོ་ངོ་དྲུག་ཅུའི་སྔོན་དུ་ནི། །

    ང་ཅག་སྐྱེ་བོ་མང་དག་ཅིག །

    མེ་འཁོར་རྣ་བས་ཐོས་ཙམ་ལས། །

    དངོས་སུ་མཐོང་བ་རྨི་ལམ་ཙམ། །


    ད་ལྟ་ཏང་གི་སྲིད་བཟང་འོག །

    མཚོ་བོད་ས་མཐོར་ལྕགས་ལམ་བསྐྲུན། །

    མེ་འཁོར་ཤར་གཏོང་ཐུབ་པ་ཡིས། །

    འགྲུལ་བཞུད་ལམ་བུར་དཀའ་བ་མེད། །


    སྔོན་ཆད་དུས་སྐབས་ནང་ལ་ནི། །

    འཕྲུལ་འཁོར་འགྲོ་ལམ་ལ་སོགས་ནི། །

    གུ་དོག་ས་ཁོད་མ་སྙོམས་ཁར། །

    འགྲིམ་འགྲུལ་དེ་བས་སྟབས་བདེ་མེད། །


    ད་ལྟའི་དུས་སྐབས་འདི་ལ་ནི། །

    མཁའ་ལམ་ལྕཊ་ལམ་གཞུང་ལམ་དང་། །

    མཚོ་ལམ་ལ་སོགས་གང་དགོས་འཛོམས། །

    འགྲིམ་འགྲུལ་འཕེལ་རྒྱས་ཨེ་མ་མཚར། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།