ང་རང་རིག་གནས་ཀྱི“ནོར་མཛོད”མཁའ་དབྱིངས་སུ་གནམ་འཕང་གཅོད་པར་འདོད།
དབྱར་ཟླ་བདུན་པའི་བོད་ལྗོངས་ནི་བསིལ་དྲོད་སྙོམས་ལ་གངས་ལྗོངས་ས་མཐོའི་ལོ་གཅིག་གི་དུས་ཚིགས་ཡག་ཤོས་སུ་བསླེབས། དེས་ན་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་འདིར་ཚ་གཡོལ་དུ་ཡོང་གི་ཡོད། མི་ཚོགས་ཀྱིས་ཁེངས་པའི་བར་སྐོར་ཁྲོམ་གཞུང་ཧ་ཅང་འཁྲུག་ཆ་དོད་ཅིང་། ཡུལ་སྐོར་བ་མང་པོས་བོད་ཆས་གྱོན་ནས་གནས་མཆོག་འདི་དང་མཉམ་པར་འཇོག་བཞིན་མཆིས།
བར་སྐོར་ཁྲོམ་གཞུང་བརྒྱུད་སྲང་ལམ་ཆུང་ཆུང་ཞིག་གི་ནང་དུ་འཛུལ་བ་ན། མཐོན་པོའི་གྱང་དཀར་པོས་འུར་སྒྲ་དང་ཟང་ཟིང་འགོག་པ་དང་གཉིས་སུ་མེད། ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱི་ཁོངས་མི་བསྟན་འཛིན་གྱིས“ད་ལྟ་ང་ཚོ་གནས་ས་ནི་གནའ་བོའི་འཛུགས་སྐྲུན་གྱི་སྒོ་ར་ཡབ་གཤིས་ཕུན་ཁང་ཟེར་བ་དེ་ཡིན་ཞིང་། ལོ་ངོ་180ལྷག་ཙམ་གྱི་ལོ་རྒྱུས་ཡོད ”ཅེས་ལྟ་སྐོར་བྱེད་མཁན་ཚོར་ངོ་སྤྲོད་བྱས།
2021ལོར་བསྟན་འཛིན་ཀྲེ་ཅང་སློབ་ཆེན་གྱི་རིག་དངོས་དང་རྟེན་རྫས་བཤམས་མཛོད་ཁང་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཕ་ཡུལ་དང་ཁ་བྲལ་ནས་གཞན་ཡུལ་དུ་སློབ་སྦྱོང་ལ་ཕྱིན་པའི་ནམ་ཟླ་དེ་དག་ནང་། ཁོ་མོས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་དང་ནང་མིར་བརྩེ་བ་ཟབ་མོ་བཅངས་བཞིན་ཡོད། “ ཕ་ཡུལ་དང་ཁ་བྲལ་རྗེས་གཞི་ནས་སེམས་ཁོངས་ཀྱི་གདུང་བ་དྲག་པོ་ཚོར་ཐུབ་ཀྱི་འདུག སློབ་གྲྭ་ཐོན་རྗེས་མུ་མཐུད་ཆེད་ལས་དང་འབྲེལ་བ་ཡོད་པའི་ལས་ཀ་བྱ་རྒྱུའི་བློ་སྐྱེས་བྱུང་བ་མ་ཟད། ང་ཆུང་དུས་ནས་བོད་ཀྱི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད ” མཐུན་རྐྱེན་མང་དག་ཅིག་ལས་བསྟན་འཛིན་སློབ་གྲྭ་ཐོན་རྗེས་བོད་དུ་ལོག་ནས་འབྲེལ་ཡོད་ལས་ལ་གཞོལ།
རིག་གནས་ཀུང་སི་ཞིག་ཏུ་ལས་ཀ་ལོ་གཉིས་བྱས་རྗེས། བསྟན་འཛིན་དང་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་ཕྱིར་ལོག་པའི་བོད་རིགས་གཞོན་སྐྱེས་འགའ་ཞིག་ལྷ་སར་ལས་གཏོད་ལ་ཞུགས་ནས། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་གྲོང་ཁྱེར་གྱི་སྤྱི་པའི་བར་སྟོང་དུ་བོད་ཀྱི་རིག་གནས་སྔོག་འདོན་དང་ཁྱབ་སྤེལ་བྱ་རྒྱུའི་འཚོལ་ཞིབ་བྱས་པ་རེད།
བསྟན་འཛིན་གྱིས་གཙོ་བོ་ལྷ་སའི་གྲོང་ཁུལ་གནའ་རྫས་རྟོག་ཞིབ་ཀྱི་བྱེད་སྒོ་རབ་དང་རིམ་པའི་འགན་ཁུར་གྱི་ཡོད། ཁོ་མོའི་ངོས་ནས་བརྗོད་ན། ལྷ་སའི་གྲོང་ཁུལ་ནི་རིག་གནས་རྟེན་མཛོད་ཁང་ཆེན་པོ་་དང་མཚུངས། “གྲོང་ཁུལ་དུ་གནའ་རྫས་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ནི་རྒྱ་མཚོའི་ནང་འཛུལ་བ་དང་འདྲ་བར། ངས་དེ་བས་གཏིང་རིང་བར་འཛུལ་ནས་འཚོལ་ཞིབ་བྱེད་ཐེངས་རེེར་གྲོང་ཁུལ་འདི་དང་འདིིའི་རིག་གནས་ལ་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད ”
བསྟན་འཛིན་གྱི་གྲོང་ཁུལ་གནའ་རྫས་རྟོག་ཞིབ་ཇུས་འགོད་ནང་རྟག་ཏུ་ད་ལྟ་གནས་སའི་བར་སྟོང་དང་བོད་ཀྱི་རིག་གནས་ལ་བསམ་གཞིག་དང་བསམ་ཚོད་ཀྱིས་ཁེངས་ཡོད། ཁོ་མོས་རྟོག་ཞིབ་ལ་ཞུགས་མཁན་ཚོའི་སྣེ་ཁྲིད་དེ་ལྷ་སའི་ཕྱོགས་གང་སར་བསྐྱོད་པ་དང་། གནའ་གྲོང་གི་སྒོ་ར་ཆེན་པོར་བསྐྱོད་ནས་བོད་ཀྱི་འཛུགས་སྐྲུན་རིག་གནས་ལ་ཤེས་རྟོགས་བྱེད་པ། བག་ཕེབས་ངང་གྲོང་ཁུལ་དུ་བསྐྱོད་ནས་གླང་པོ་ཆེ་དང་རྟའི་ལོ་རྒྱུས་ཀྱི་རྗེས་བཤུལ་འཚོལ་བ། རི་རྩེར་འཛེགས་ནས་རྡོ་བརྐོས་སྒྱུ་རྩལ་དང་རྡོ་བཟོའི་ལག་རྩལ་ལ་ཉམས་ཞིབ་སོགས་བྱེད་ཀྱི་ཡོད་པ་རེད།
“གྲོང་ཁུལ་གྱི་གནའ་རྫས་རྟོག་ཞིབ་ཕུད། ང་ཚོས་ད་དུང་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་རྒྱབ་སྐྱོར་འོག་རི་མོའི་འགྲེམས་སྟོན་དང་། མི་རིགས་རོལ་དབྱངས་འདུ་ཚོགས། གློག་བརྙན་སོགས་ཀྱི་སྒྱུ་རྩལ་རྣམ་པ་བརྒྱུད་གྲོང་ཁུལ་གྱི་རིག་གནས་བར་མཐོངས་འཁྲུག་ཏུ་བཏང་ནས། ཚང་མས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རིག་གནས་དང་རྒྱུན་གཏན་འཚོ་བ་འདྲེས་པར་བྱས་ཏེ། བོད་ཀྱི་རིག་གནས་རྒྱུན་ཆད་མེད་པར་གྲོང་ཁུལ་བར་མཐོངས་སུ་གསོན་ཤུགས་འཕེལ་བར་བྱས་ཡོད”ཅེས་བསྟན་འཛིན་གྱིས་བཤད།
ཉེ་བའི་ལོ་ཤས་རིང་བསྟན་འཛིན་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་སྤྲོ་བ་ཡོད་པའི་གཞོན་ནུ་མང་པོ་ཞིག་དཔུང་ཁག་འདིའི་ནང་འཛུལ་ནས་རྩ་བ་ཚུགས་པར་བྱས་ཡོད།
( པར་འདི་དག་ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱི་སྤྱི་སྟེགས་ཨང་རྟགས་ལས་འཁོད། ནང་དོན་ཁྱབ་སྤེལ་ཁོ་ནར་སྤྱོད་རྒྱུ་ཡིན་པས། གལ་ཏེ་དཔར་དབང་དང་འབྲེལ་བའི་གནད་དོན་ཡོད་ཚེ་འབྲེལ་བ་གནང་རོགས )
འབྲེལ་ཡོད་གསར་འགྱུར།