ཡིད་ཀྱི་མེ་ལོང་དུ་འཆར་བའི་ཕ་ཡུལ།
ལོ་ཤས་ཤིག་གི་ཡར་སྔོན་ནས་བཟུང་། ང་རང་ལོ་རེར་ཕ་ཡུལ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཞིང་། ཕ་ཡུལ་དུ་ལོག་པའི་ཐེངས་གྲངས་ཀྱང་ལོ་སྔོན་མ་དང་བསྡུར་ན་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བཞིན་འདུག དབྱར་དགུན་གུང་གསེང་གི་སྐབས་སུ་ཕ་ཡུལ་དུ་ལོག་འདོད་ཀྱི་འདུན་པ་ཇི་ལྟར་ཆེ་ན་ཡང་། སློབ་སྦྱོང་དང་བྱ་བ་ཞེས་པ་འདིས་དུས་རྟག་ཏུ་ཕ་ཡུལ་དུ་ལོག་པའི་སྒོ་ཆེན་དེ་མེད་པར་བཟོས་འགྲོ།
རྣམ་ཀུན་ཕ་ཡུལ་དུ་ལོག་ཐེངས་རེ་རེར། ཡུལ་མི་དག་གིས་ག་དུས་ཡོང་བ་ཡིན། ག་དུས་ཕྱིར་ལོག་དགོས་ཞེས་དྲི་བ་སྣ་ཚོགས་བཏོན་ཡོང་། ཁོ་ཚོས་སྐད་ཆ་དེ་དག་ལབ་ཡོང་དུས། ང་ལ་ཕྱི་རོལ་ཅིག་ཏུ་དུས་ནམ་ཡང་ངེས་གཏན་གྱི་ལོག་མལ་ཞིག་ཡོད་པ་དང་འདྲ་བའི་ཚོར་སྣང་ཞིག་ངང་གིས་འབྱུང་། ང་ཚོ་མི་སུ་དང་སུ་ཡིན་རུང་། ཆུང་བྱིས་པའི་དུས་ཀྱི་འཚོ་བ་བརྒྱུད་ནས་མ་ཡོང་བ་ཞིག་མེད་ཅིང་། དེ་ནི་མི་ཚེའི་འགྲུལ་བཞུད་རིང་མོའི་ཁྲོད་ཀྱི་ཆེས་ཐོག་མའི་ས་ཚིགས་དེ་ཡིན། ད་ལྟ་ཕྱིར་དྲན་རེ་བྱས་ན། བྱིས་པའི་དུས་སྐབས་ཀྱི་དུས་ཚོད་ནི་ད་ལྟའི་དུས་ཚོད་ལས་འགྲོས་མགྱོགས་ཤིང་ཡུན་ཐུང་བའི་སྣང་བ་ཞིག་འདུག་སྟེ། དུས་ཚོད་ཐུང་ཐུང་གི་བག་ཆགས་དེ་ནི་ཆེས་མཛེས་ཤིང་ཡི་གར་འོང་བའི་ཕྱིར་དྲན་གྱི་མེ་ལོང་ཞིག་ཡིན་ལ། མེ་ལོང་དེའི་ངོས་སུ་ཁྱེད་ཀྱི་ན་ཆུང་བའི་འཇིག་རྟེན་གྱི་ལོ་ཟླ་རི་མོ་བཞིན་གསལ་ལེར་ཤར་ཡོད།
ང་ཆུང་ཆུང་ཆུང་ཆུང་ཡིན་དུས། ཕ་ཡུལ་གྱི་ཁོད་ཡངས་པའི་རྩྭ་ཐང་གི་པང་དུ་ལུག་འཚོ་ཞོར་དུ་རང་འདོད་ལྟར་རྩེད་མྱོང་ཡོད་ལ། ལུག་འཚོ་རྒྱུ་ལས་གཞན་ད་དུང་ལས་ཀ་ཞིག་ཡོད་པ་ནི་སྟོང་བསམ་དང་འཆར་ཡན་བྱེད་རྒྱུ་དེ་ཡིན་ཞིང་། ནུབ་ཕྱོགས་ཀྱི་གནམ་སའི་མཚམས་སུ་བཞད་པའི་སྤྲིན་པ་དམར་པོ་དེར་ལྟ་ཞོར་གནས་དེ་ན་ཨ་ཕས་གནའ་གཏམ་ལས་གླེང་མྱོང་བའི་ཉི་མ་ལྷ་ས་ཡོད་སྣང་ཤར། ད་ལྟ་ཕ་ཡུལ་དུ་ལོག་ཐེངས་རེར། སློབ་གཉེར་གྱི་རྒྱུན་བསྐྱངས་མ་ཐུབ་པར་རི་རྩེར་ཕྱུགས་ལས་གཉེར་བའི་ཆུང་དུས་ཀྱི་རྩེད་གྲོགས་དག་གིས། ཧ་ཅང་ཡིད་སྨོན་གྱི་མིག་མདངས་ཤིག་གིས་བསུ་མ་ཡང་ཡང་བྱེད། ད་ལྟ་བསམས་ན། ནམ་ཡང་མེས་པོ་དག་གི་བག་ཆགས་མིག་འབྲས་བཞིན་སྲུང་སྐྱོབ་བྱེད་མཁན་ནི་ཁོ་ཚོ་ལས་མ་འདས་ཏེ། ཁོ་ཚོའི་ལུས་སྟེང་ནས་ང་རང་མེས་པོ་དག་དང་ཉེ་བར་བཅར་བྱུང་ལ། འབྲོག་པ་ཞེས་པའི་གནའ་བོའི་མཐོ་སྒང་གི་རི་ཆུ་སྲུང་མཁན་གྱི་དཔའ་བོ་དེ་དག་གི་སྣང་བརྙན་ཡང་མཐོང་སོང་བ་འདྲ།
བོད་ཀྱི་ཁ་དཔེར། དོག་མོ་ཁ་ཞེང་ཆེ་རུང་མི་རྙེད་པ་ཕ་ས། མགོ་ནག་རྐང་གྲངས་མང་རུང་མི་རྙེད་པ་ཕུ་ནུ་ཞེས་པ་བཞིན། ཕྱི་ཕྱོགས་ཀྱི་ཁོར་ཡུག་དང་མི་ལ་ཇི་ལྟར་གོམས་ལོབས་སུ་སོང་ཡང་། ངས་དུས་རྟག་ཏུ་བརྗེད་དུ་མེད་པ་དང་། ངས་དུས་རྟག་ཏུ་དྲན་བཞིན་པ་ནི་རང་གི་ཕ་ས་ཕ་ཡུལ་ཡིན།
རི་རྩེ་ན་ལྷབ་ལྷུབ་ཏུ་གཡོ་བའི་དར་ལྕོག་དང་རི་ལུང་གི་ཉིན་སྲིབ་བཀང་བའི་ནོར་ལུག ལྭ་བ་གཡང་ཤམ་ལ་ལོབས་པའི་རྫི་བོ། རྫ་གསེང་ནས་ལ་གཞས་གཏོང་བའི་བུ་མོ། ས་གཞི་ལ་འཁོར་བའི་རྒོད་པོའི་གྲིབ་སོ། ན་ཤུར་དང་གྲོག་མོ། ཐ་ན་རྩྭ་དང་རྩི་ཤིང་རེ་རེའང་སྔར་བཞིན་ཕ་ཡུལ་གྱི་སྣོད་བཅུད་ལ་ཐིམ་འདུག
ཕ་ཡུལ་ནི་ནམ་ཡང་སུ་ཞིག་གི་ཕེབས་ལམ་ལ་མིག་ཟུང་འཁྲེང་བའི་རྒན་འཁོགས་ཤིག་དང་འདྲ་བར། མདངས་མ་ཡལ་བའི་ཁྲེལ་གཞུང་ཞིག་གིས་ང་ཚོ་དུས་གཏན་དུ་འཚོས་ཡོད། ཕ་ཡུལ་དང་གྱེས་པས་ད་གཟོད་ཕ་ཡུལ་དྲན་པ་ཡིན་ཞིང་། ཕ་ཡུལ་དང་རིང་དུ་གྱེས་དོན་ཡང་། ནམ་ཞིག་སེམས་གཏིང་ནས་ཕ་ཡུལ་ལ་ཐེངས་གཅིག་ལོག་འདོད་པས་ཡིན། ཕ་ཡུལ་གྱི་པང་དུ་ལོག་སྟེ། ཆུང་དུས་ཀྱི་ལྷད་མེད་པའི་སྤྲོ་སྣང་རེ་རེ་ཐེངས་གཅིག་མྱོང་ཐུབ་ན་ཅི་འདྲའི་སྐྱིད་ཨང་།
འབྲེལ་ཡོད་གསར་འགྱུར།