རི་བོ་དང་སྐར་མའི་མེ་ཏོག
རི་བོའི་ཟོམ་ནས་སྐར་མའི་མེ་ཏོག །
ཟླ་བའི་འཛུམ་དང་བསྡོངས་ནས་ཕེབས་བྱུང་། །
དྭངས་ཤིང་གསལ་བའི་ནམ་མཁའི་ངོས་སུ། །
སྐར་མའི་མེ་ཏོག་ཆ་བརྒྱད་འཛོམས་ཡོད། །
རི་བོའི་སྐེད་ནས་སྐར་མའི་མེ་ཏོག །
ཚང་ཚིང་ནཊ་དང་མཉམ་དུ་འཁྲུངས་ཡོད། །
ཤིན་ཏུ་ཟབ་པའི་ནགས་ཀླུང་ཕྱུག་མོར། །
སྐར་མའི་མེ་ཏོག་མཛེས་པས་བཞད་ཡོད། །
རི་བོའི་གསེབ་ནས་སྐར་མའི་མེ་ཏོག །
བྱ་བྱེའུ་རི་དྭགས་ལྷན་དུ་གནས་ཡོད། །
སྙན་འཇེབས་སྐད་ཀྱི་གསུང་དབྱངས་བར་ནས། །
སྐར་མའི་མེ་ཏོག་འཛུམ་གྱིས་འཚོས་ཡོད། །
རི་བོའི་འདབས་ནས་སྐར་མའི་མེ་ཏོག །
སྐྱེད་མོས་ཚལ་གྱི་རྒྱན་དུ་གྱུར་ཡོད། །
ཡིད་འོང་ཀུན་ཏུ་དགའ་བའི་ཚལ་ནས། །
སྐར་མའི་མེ་ཏོག་ཀུན་གྱིས་སྨོན་ཡོད། །
རི་བོའི་སྟོད་ནས་སྐར་མའི་མེ་ཏོག །
ཆུ་དང་ཆར་པའི་ཁྲུས་ལ་ཞུགས་ཤིང་། །
སྦྲང་ཆར་ཟིལ་བུ་འཐོར་བའི་གཞི་ན། །
སྐར་མའི་མེ་ཏོག་དགའ་བའི་བྲོ་འཁྲབ། །
རི་བོའི་སྨད་ནས་སྐར་མའི་མེ་ཏོག །
རླུང་བུ་ཡང་མོས་དལ་གྱིས་གཡོས་བྱུང་། །
འདབ་མ་དག་ཀྱང་དྲི་བཞོན་དང་འགྲོཊ། །
སྐར་མའི་མེ་ཏོག་དྲི་བསུང་ལྷང་ལྷང་། །
རི་བོའི་སེམས་ཀྱི་སྐར་མའི་མེ་ཏོག །
གངས་རི་མཛེས་པའི་རྒྱན་དུ་ཤར་ཞིང་། །
གངས་དཀར་རི་བོའི་ལུས་ལ་འཁྱུད་པའི། །
སྐར་མའི་མེ་ཏོག་སེམས་ཀྱི་དྲན་ཤིང་། །
རི་བོའི་གཡས་ཀྱི་སྐར་མའི་མེ་ཏོག །
མཐིང་སྨུག་སྦྲ་ནག་འགྲམ་དུ་བཞད་ཅིང་། །
རླུང་བུས་སྒོ་དར་ཡུན་ཙམ་རེག་པས། །
སྐར་མའི་མེ་ཏོག་དབུ་ལྕོག་ལྡེམ་ལྡེམ། །
རི་བོའི་གཡོན་གྱི་སྐར་མའི་མེ་ཏོག །
འབྲུ་དྲུག་སྙེ་མའི་རྩེ་མོར་བཞད་ཅིང་། །
ཤིན་ཏུ་ཡངས་པའི་ཞིང་ས་སྣུམ་པོར། །
སྐར་མའི་མེ་ཏོག་འཛུམ་ཞལ་གྲོལ་ཡོད། །
རི་བོའི་པང་དུ་སྐར་མའི་མེ་ཏོག །
སེངྒེ་བཞིན་དུ་སྟོབས་ཀྱིས་འགྱིངས་ཡོད། །
སེང་ཆེན་གཡུ་རལ་རྒྱས་པ་ཇི་བཞིན། །
སྐར་མའི་མེ་ཏོག་གཡུ་ལོ་ཤིག་ཤིག །
རི་བོའི་དཀྱིལ་ན་སྐར་མའི་མེ་ཏོག །
རྒྱ་སྟག་ཁྲ་བོའི་ཐིག་ལེ་དང་མཚུངས། །
སྣ་ཚོགས་རི་མོའི་འཛུམ་ཤ་དོད་པའི། །
སྐར་མའི་མེ་ཏོག་འདབ་མ་སྟོང་ལྡན། །
རི་བོའི་མགུལ་རྒྱན་སྐར་མའི་མེ་ཏོག །
ཤིན་ཏུ་མཛེས་སོ་སྙིང་དུ་སྡུག་གོ །
ཕྱེ་ལེབ་སྒེག་མོའི་གཤོག་ཟུང་བར་ན། །
སྐར་མའི་མེ་ཏོག་ལྟ་བས་མི་ངོམས། །
རི་བོའི་ཁ་རྒྱན་སྐར་མའི་མེ་ཏོག །
རིན་ཆེན་ནོར་གྱི་གཟི་བྱིན་འབར་ཡོད། །
རྐང་པ་དྲུག་པའི་སེམས་རྟེན་ནོར་བུ། །
སྐར་མའི་མེ་ཏོག་ཡུན་དུ་གནས་ཤོག །
རི་བོའི་ཕག་ན་སྐར་མའི་མེ་ཏོག །
ཡལ་མི་འདོད་པའི་ཚུལ་གྱིས་བཞུགས་ཡོད། །
ཡུན་ཙམ་བཞུགས་དང་དུས་ཀྱི་རྒྱལ་མོ། །
སྐར་མའི་མེ་ཏོག་སེམས་པའི་རྟེན་ཡིན། །
རི་བོ་ལས་མཐོ་སྐར་མའི་མེ་ཏོག །
ཉི་མའི་མགུལ་དུ་བཏབ་པའི་ཕྲེང་བ། །
སྤྲིན་པའི་འདབ་མ་གདོང་ལ་ཁེབས་པའི། །
སྐར་མའི་མེ་ཏོག་འོད་ཀྱི་སྲད་བུ། །
རི་བོ་དང་ནི་སྐར་མའི་མེ་ཏོག །
སྣང་བའི་རྟ་ཁྱུ་འདེད་པའི་རྫི་བོ། །
རྟོག་འཆར་པིར་གྱིས་བྲིས་པའི་རི་མོ། །
ཚོར་བའི་ཟབ་སར་སྡུག་གེར་བཞག་ཡོད། །
འབྲེལ་ཡོད་གསར་འགྱུར།