བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་+ཀྱི་རྣམ་པ་འཚོལ་ཞིབ་དང་ལག་ལེན་བསྟར་བ།
རྒྱུན་འཛིན་རྣམ་པ་ཕུན་སུམ་ཚོགས། བདེ་སྐྱིད་འཚོ་བར་ངོ་མཚར་བསྣན།
ཉེ་བའི་ལོ་ཤས་རིང་། ནག་ཆུ་རིག་གནས་ཡུལ་སྐོར་ཅུས་ཀྱིས་ནག་ཆུའི་སྒོར་གཞས་འཁྲབ་པ་དེ་འགག་གནད་སྒྲོལ་སར་བྱས་ཏེ། ནག་ཆུའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་ནག་ཆུའི་སྒོར་གཞས་ཀྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། འདི་ནི་ནག་ཆུ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་སྒོར་གཞས་རུ་ཁག་གི་རུ་མི་ཚོས་རྩྭ་ཐང་སྟེང་དུ་སྒོར་གཞས་འཁྲབ་བཞིན་པ།
བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་གི་རིག་གནས་བསམ་བཀོད་ཁུལ་གྱི“ལྷ་སའི་བུ་མོ”ཨ་ལས་པད་གོག་ཡིན་པ།
2025ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་བྲག་ཡིབ་ཆུས་ཡན་ལག་ཚོཌ་རའི་ཀོང་པོའི་བི་ཤུ་འགྲན་ཡུལ་ཡིན་པ།
དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ཏུ་རེ་ཞུ་ལེགས་གྲུབ་བྱུང་རྗེས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སྐབས་དང་པོ་ཡིན་པའི་ངོས་ནས། སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་ས་ཡན་ལག་ཚོགས་རས་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པའི་ཕོ་བྲང་པོ་ཏ་ལ་གར་སྟེགས་ཀྱི་རྒྱབ་ལྗོངས་སུ་བྱས་ཏེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག《དཔྱིད་ཀྱི་སྙན་དབྱངས》ཞེས་པའི་དགའ་སྤྲོའི་སྟངས་སྟབས་ཁྲོད་འགོ་ཚུགས་པ་རེད། དུས་ཡུན་སྐར་མ་བརྒྱད་ཀྱི་ནང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་རིགས་38སྙིགས་དོར་བཅུད་ལེན་གྱིས་འགྲེམས་སྟོན་བྱས་ཏེ་འཛམ་གླིང་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། དེ་ལས་བོད་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་+”ཀྱི་རྣམ་པར་བརྟེན་ནས། ལོ་ངོ་སྟོང་གི་རིག་གནས་ལ་དུས་རབས་ཀྱི་གསོན་ཤུགས་བསྣན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།
བོད་ནི་མིང་དོན་མཚུངས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བང་མཛོད་ཅིག་རེད། ལོ་ངོ་60ཡི་རིང་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་ནས་གསོན་ཉམས་ལྡན་པའི་རྒྱུན་འཛིན་བར་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མ་ལག་མེད་པ་ནས་ཡོད་པའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། མིག་སྔའི་བར། ལྗོངས་ཡོངས་སུ་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་བཙུགས་ཡོད་པ་དེའི་ནང་རིམ་པ་ཁག་དང་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2760ཚུད་ཡོད་པ་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1790ཡོད་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་རྣམ་པ་བཟང་པོ་མངོན་པ་དང་ལྷག་པར་དུ“མངོན་མིན་རིག་གནས་ཤུལ་བཞག་+”ཀྱི་རྣམ་པ་འཚོལ་ཞིབ་བྱས་པ་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་གི་གཅེས་ནོར་དེ་དག“ཞི་རྣམ་འགྲེམས་དངོས”ནས“རེག་ཐུབ་པ་དང་། ཚོར་ཐུབ་པ། དེའི་ནང་ཞུགས་ཐུབ་པ”བཅས་ཀྱི་གསོན་ཉམས་ལྡན་པའི་རིག་གནས་ཞིག་ཏུ་གྱུར་ཏེ་དེང་རབས་ཀྱི་འཚོ་བར་གསོན་ཤུགས་རབ་ཏུ་འཕེལ་ཡོད།
“མངོན་མིན་རིག་གནས་ཤུལ་བཞག་དང་རིག་རྩལ”ཟུང་དུ་འབྲེལ་བས།
གནའ་བོའི་སྒོར་གཞས་ལས་དུས་རབས་ཀྱི་ཉམས་འགྱུར་མངོན་པ།
བྱང་ཐང་གི་གདོད་མའི་རྣམ་པའི་ཞབས་བྲོ་ཞིག་ཡིན་པའི་ནག་ཆུའི་སྒོར་གཞས་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་གི་ཐང་ཆེན་དུ་ཁྱབ་བཞིན་ཡོད། འབྲོག་གླུའི་དབྱངས་འགྲོས་དང་དེང་རབས་གློག་ཆས་སྒྲ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་བྱང་ཐང་སྒོར་གཞས་དེ་བྱང་རྩྭ་ཐང་ནས་ཁྲེང་ཏུའུ་དང་། པེ་ཅིང་། ཧྲང་ཧའེ་བཅས་སུ་འཁྲབ་སྟོན་བྱས་པ་མ་ཟད། བརྙན་ཐུང་ལས་སྟེགས་ཐོག་ལྟ་མཁན་ཡང་དུང་ཕྱུར་ཁ་ཤས་ཟིན་ཀྱི་ཡོད་པ་རེད།
2022ལོར་ནག་ཆུའི་སྒོར་གཞས་དེ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་རྗེས། དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་མགྱོགས་མངོན་ཐུབ་པ་དང་། དབྱངས་ཀྱི་འགྱུར་ཁུག་ཁྲོད་ནོར་གནག་གི་ཟིལ་ཉམས་དང་ཐང་དཀར་རྒོད་པོའི་གཤོག་རྩལ་འདུས་ཡོད་ལ། ཁྲུང་ཁྲུང་སྐེ་ནག་བདེ་བར་རོལ་བའི་འཚོ་བའི་ཉམས་སྣང་དེ་བས་མཉམ་འདྲེས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གང་ལེགས་མངོན་ཡོད།
མིག་སྔར་ནག་ཆུའི་སྒོར་གཞས་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བདུན་པའི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ནང་རེ་ཞུ་བྱེད་བཞིན་ཡོད།
“མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་བསམ་བཀོད”ཟུང་དུ་འབྲེལ་བས།
“སོར་རྩེའི་ལག་ཤེས”དེ“སོར་རྩེའི་དཔལ་འབྱོར”ལ་གྱུར་པ།
ན་ནིང་། ཕོ་བྲང་པོ་ཏ་ལ་དང་ཆུ་བོ་གཅིག་གིས་ཆོད་པའི་ཚེ་མཆོག་གླིང་དུ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་བསྐྲུན་ཡོད།
རི་འདབས་སུ་བསྐྲུན་པའི་རྟེན་མཛོད་ཁང་དེར་བསྐོར་བ་ལན་གཅིག་རྒྱག་སྐབས། བོད་ཁོ་ནར་དབང་བའི་མཐུན་མིན་མངོན་མིན་རིག་གནས་ཤུལ་བཞག་གིས་ཁེངས་ཤིང་། བོད་ཤོག་གི་དམིཌ་བསལ་ཁྱད་ཆོས་དང་། ཐང་ཁའི་མཛེས་ཉམས། སྤོས་ཀྱི་དྲི་ཞིམ་བཅས་ལ་ཡུལ་སྐོར་བས་ལག་པས་རེག་ཅིང་ཉམས་སུ་མྱོང་བཞིན་འདུག
ཐོག་བརྩེཌ་གཉིས་པའི་རིག་གནས་བསམ་བཀོད་ཁུལ་དུ་སྐྱོད་སྐབས། གསོན་ཤུཌ་ཀྱིས་ཕྱུག་ཅིང་ལོ་རྒྱུས་ཀྱི་གཏིང་ཚད་མངོན་ཐུབ་པའི་རྣམ་པ་སྟེ། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི“ལྷ་སའི་བུ་མོ”ཨ་ལས་པད་གོག་དག་ལས་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་བཀུག
“ལྷ་སའི་བུ་མོ”ཨ་ལས་པད་གོག་དག་ནི་རྩེད་ཆས་ཤིག་རེད་ལ། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་དྲོ་སྐྱིད་ལྡན་པའི་གཞི་རྟེན་དང་ས་ཁོངས་ཅན་གྱི་སྤུས་རྟགས་ཤིག་དེ་བས་ཀྱང་རེད། “ལྷ་སའི་བུ་མོ”ཨ་ལས་པད་གོག་གི་སྤུས་རྟགས་ནི་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐུལ་འདེད་བཏང་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་ཆེད་རེད། དེས་བུད་མེད་མཉམ་ལས་ཁང་དང་བུད་མེད་ཁེ་ལས་13མཉམ་འགུལ་བྱས་ཏེ། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་སོགས་ཀྱི་གཞི་རིམ་བུད་མེད་ལ་རྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་རྩ་ཆེའི་ལས་སྟེགས་མཁོ་འདོན་གྱིས་ཁོང་ཚོས“ལྷ་སའི་བུ་མོ”ཨ་ལས་པད་གོག་བཟོས་ཏེ་ཁྱིམ་ཚང་ནས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་དེ། “སོར་རྩེའི་ལག་ཤེས”དེ“སོར་རྩེའི་དཔལ་འབྱོར”ལ་དངོས་སུ་སྒྱུར་བར་བྱས་ཡོད།
“མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར”ཟུང་དུ་འབྲེལ་བས།
མཐོང་དཀོན་པའི་རྩ་ཆེའི་ནོར་བུ་དེ་དག་ཀུན་གྱི་མཐོང་ཆོས་སུ་གྱུར་པ།
དེ་སྔ་གྲོང་ཚོའི་དགོན་སྡེར་ཉར་ཚགས་ཀྱི་ཚུལ་དུ་བཞག་པའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྩ་ཆེན་དེ་དག་ད་ཆ“མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”ལ་བརྟེན་ཏེ། སྔར་བྱུང་མེད་པའི་ཁྱབ་རྒྱ་ཆེན་པོ་ཞིག་གི་ཐོག་ནས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྟེ་རིག་གནས་ཀྱི་གསོན་ཉམས་རྒྱུན་འཛིན་དང་ཡུལ་སྐོར་འཛད་སྤྱོད་ཉམས་ལེན་གྱི་ལམ་བུ་ཞིག་བཏོད་ཡོད།
ལྷ་ས་བར་སྐོར་ཁྲོམ་གཞུང་གི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁང་དུ་ཡུལ་སྐོར་བས་ཁེངས་ཤིང་། འདམ་གཞུང་རྫོང་གི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། དེ་གའི་རྟ་རྒྱུག་དང་། ཆུ་ཚན། རྐང་ཐང་མར་འགྲོ་བ་བཅས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཇོ་མོ་གླང་མའི་འདབས་རོལ་གྱི་དིང་རི་རྫོང་ནས་བོད་ཤར་ཉིང་ཁྲི་གྲོང་ཁྱེར་བར་མངོན་མིན་རིག་གནས་ཤུལ་བཞག་བརྗོད་དོན་གཙོ་བོར་བྱས་པའི་དམངས་སྲོལ་གནས་ཚང་སྐལ་བཟང་མེ་ཏོག་བཞིན་ཁྲ་ཆིལ་ལེར་བཞད་ཡོད།
“ཀོང་པོའི་བི་ཤུ”ནི་ཀོང་པོ་ས་ཁུལ་དུ་དམིགས་སུ་ཡོད་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་རྣམ་གྲངས་ཤིག་ཡིན་ཞིང་། ད་བར་ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ཡོད་པས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་ནང་བཅུག་ཡོད།
གྲངས་གཞི་ལས་མངོན་པར། 2012ལོ་ནས་2024ལོ་བར། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་4.73བཏང་བ་དག་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཐོ་འགོད་ལས་དོན། ཁྲིད་སྦྱོང་བྱེད་སྒོ་སྤེལ་བ་དང་དེ་བཞིན་སྒྲིག་བཀོད་སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་ཐད་སྤྱད་ཡོད། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས། སྔོན་དཔག་བྱས་ན“ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་3000ལྷག་ཙམ་དང་རྒྱུན་འཛིན་པ་2000ཟིན་རྒྱུ་རེད་ཅེས་བཤད།
“མངོན་མིན་རིག་གནས་ཤུལ་བཞག་+”མཉམ་འདྲེས་གཏིང་ཟབ་བྱས་པས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དག་འགྲེམས་སྒྲོམ་དང་སྦུག་ཁང་ཁོ་ནར་འཇོག་པ་ནས་མིག་ལྡན་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཏེ། རིན་ཐང་ཇེ་ཆེར་འགྲོ་བཞིན་ཡོད། ཡུལ་སྐོར་བ་ཚོས་སྣམ་བུས་བཟོས་པའི་དཔེ་འཛར་དང་སྐོར་བྲོའི་བརྙན་ཐུང་རེ་ཁྱེར་བ་དེ་ནི་བོད་ཀྱིས་ཁོང་ཚོར་བཞག་པའི་དྲན་འཆར་ཙམ་མ་ཟད། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རིག་གནས་ཀྱི་ས་བོན་རྡོག་པོ་ཞིག་དེ་བས་ཀྱང་རེད། གངས་རིའི་སྦས་ལུང་ནས་འཛམ་གླིང་དུ་བསྐྱོད་པའི་རིག་གནས་ཡུལ་སྐོར་གྱི་ལམ་བུ་འདིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བཏོད་ཡོད་ལ། རིག་གནས་ཀྱི་གདེང་ཚོད་བརྟན་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་གཞི་འདི་ཡང་མི་རྣམས་ལ་མཚམས་སྦྱོར་བྱེད་ཀྱིན་ཡོད།
འབྲེལ་ཡོད་གསར་འགྱུར།