རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ཁྲོད་ཀྱི་རིག་གནས་མཉམ་འདྲེས་དང་འགྲན་སློང་།
སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས། གསར་འགྱུར་ཁྱབ་སྤེལ་གྱིས་མི་རིགས་མི་འདྲ་བའི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་སྔར་བས་ཆེ་བ་འདོན་བཞིན་ཡོད། རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ནི་རྒྱ་བོད་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིགས་ཁག་གི་གསར་འགྱུར་ཆ་འཕྲིན་སྣ་ཚོགས་བརྒྱུད་སྤྲོད་བྱེད་པ་མ་ཟད། ད་དུང་མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་དང་ཕན་ཚུན་སྔར་བས་ཤེས་རྟོགས་གཏིང་ཟབ་གཏོང་བའི་ཐད་ལས་འགན་ལྕི་པོ་ཞིག་ཁུར་ཡོད། འབྲེལ་ཟམ་ཟེར་དོན་ཡང་彭卓吾ཡི《ལོ་ཙཱ་རིག་པ》ཞེས་པའི་ནང་ལོ་ཙཱ་བས་ཟམ་པ་ལྟ་བུའི་ནུས་པ་དང་། ཆ་འཕྲིན་བརྒྱུད་སྤྲོད་ཀྱི་ནུས་པ་སོགས་ནུས་པ་ལྔ་ལ་ཕྱེ་ནས་བཤད་པས་སོ། འོན་ཀྱང་གསར་འགྱུར་ཁྱབ་སྤེལ་བྱེད་པའི་བརྒྱུད་རིམ་ནང་རིག་གནས་ལ་དངོས་བདེན་རང་བཞིན་དང་ཆ་ཚང་རང་བཞིན་གང་འདྲ་བྱས་ཏེ་རྒྱུན་འཁྱོངས་བྱེད་པ་དང་རང་ངོས་ཀྱི་རིག་གནས་རྒྱབ་ལྗོངས་ལ་གཞིགས་ནས་མི་རིགས་གཞན་ཞིག་གི་རིག་གནས་ལ་དོན་དངོས་དང་མི་མཐུན་པའི་ངོས་འཛིན་དང་གདེང་འཇོག་བྱེད་པའི་སྣང་ཚུལ་མི་ཐོན་པ་བྱ་རྒྱུ་དེ་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
གཅིག རྒྱ་བོད་གསར་འགྱུར་ཁྱབ་སྤེལ་གྱི་གནས་བབ་དང་ཁྱད་ཆོས།
ཉེ་བའི་ལོའི་ནང་། དྲ་སྦྲེལ་ཁྱབ་གདལ་ཕྱིན་པ་དང་སྨྱན་སྦྱོར་གསར་པ་དར་རྒྱས་བྱུང་བ་དང་བསྟུན་ནས། རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ཐབས་ལམ་ཉིན་རེ་བཞིན་སྣ་མང་ཅན་དུ་གྱུར་ཡོད། སྲོལ་རྒྱུན་སྨྱན་སྦྱོར་དཔེར་ན། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་བཅས་ཀྱིས་སྔར་བཞིན་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་དང་། གསར་དར་སྨྱན་སྦྱོར་དཔེར་ན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་དང་བརྙན་ཐུང་སྟེགས་བུ་སོགས་ཀྱང་རིམ་བཞིན་རྒྱ་བོད་གསར་འགྱུར་ཁྱབ་སྤེལ་གྱི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། གསར་དར་སྨྱན་སྦྱོར་དེ་དག་གིས་དེའི་དུས་ཐོག་རང་བཞིན་དང་། མཉམ་འགུལ་རང་བཞིན། ས་ཁོངས་ལས་བརྒལ་བའི་རང་བཞིན་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་རྒྱ་བོད་གསར་འགྱུར་ཁྱབ་སྤེལ་དང་ལེན་བྱེད་མཁན་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བཞིན་ཡོད།
རྒྱ་བོད་གསར་འགྱུར་ཁྱབ་སྤེལ་གྱི་ནང་དོན་ཐད་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཁྱབ་ཁོངས་ཀྱི་གསར་འགྱུར་ཕུད། རིག་གནས་རིགས་ཀྱི་གསར་འགྱུར་ལ་དོ་ཁུར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། གསར་འགྱུར་དེ་དག་ནང་བོད་རིགས་ས་ཁུལ་གྱི་རང་བྱུང་ཡུལ་ལྗོངས་དང་དམངས་སྲོལ་གོམས་སྲོལ་སོགས་གནས་ཚུལ་གཏོང་སྤེལ་བྱས་པ་མ་ཟད། ད་དུང་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་དོན་དངོས་ཀྱི་སྣང་ཚུལ་ལ་དཔྱད་བསྡུར་གཏིང་ཟབ་བྱས་ཡོད་པས། མི་རིགས་གཞན་གྱི་གསར་འགྱུར་སྤྱན་གཟིགས་གནང་མཁན་ཚོས་བོད་ཀྱི་རིག་གནས་ཤེས་རྟོགས་བྱེད་པར་ཕུན་སུམ་ཚོགས་པའི་རྒྱུ་ཆ་མཁོ་འདོན་བྱས་ཡོད།
གཉིས། རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ཐད་འཕྲད་པའི་འགྲན་སློང་།
རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ལ་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་འགྲན་སློང་ཡང་མང་པོ་འཕྲད་ཡོད། དེའི་ཁྲོད་ལོ་ཙཱ་ཚད་ལྡན་མིན་པ་ནི་ཅུང་མངོན་གསལ་དོད་པའི་གནད་དོན་གྱི་གྲས་ཤིག་ཡིན། རྒྱ་བོད་སྐད་རིགས་གཉིས་ཀྱི་ཐ་སྙད་དང་། བརྡ་སྤྲོད་ཀྱི་གོམས་གཤིས་སོགས་ཀྱི་ཐད་ཁྱད་པར་མངོན་གསལ་དོད་པོ་ཡོད་པས། ལོ་ཙཱ་བས་ཡིག་སྒྱུར་བྱེད་རིང་རྒྱུན་དུ་མ་ཡིག་ལ་གོ་བ་ཡང་དག་ལེན་མི་ཐུབ་པའམ། ཡང་ན་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་དུ་གནད་ལ་འཁེལ་བའི་སྒོ་ནས་ཕབ་སྒྱུར་བྱེད་མི་ཐུབ་པ། བརྗོད་དོན་གྱི་གོ་རིམ་འཁྲུགས་པ་དང། བསྡེབས་མི་ལེགས་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། 《སྒྲ་སྦྱོར་བམ་གཉིས》སུ། དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་གསུངས་ཡོད་པས། དེ་ལྟར་མ་བྱུང་ཚེ་གསར་འགྱུར་ཁྱབ་སྤེལ་གྱི་ཕན་ནུས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། རིག་གནས་ལ་གོ་འཛོལ་དང་འགལ་བ་ཡང་འབྱུང་སྲིད།
གཞན་ཡང་རིག་གནས་ཁྱབ་སྤེལ་དོ་སྙོམས་མེད་པ་དེའང་རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ཁྲོད་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད་སྙམ། གསར་འགྱུར་ཁྱབ་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཕོ་འགྱུར་སོགས་ཀྱི་ཕྱོགས་ལ་དོ་ཁུར་བྱེད་མང་དྲགས་ནས་བོད་ཀྱི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་གཏིང་ཟབ་བྱེད་པར་ཤུགས་རྐྱེན་ཡོང་གི་ཡོད།
གསུམ། རང་ཉིད་ཀྱི་བསམ་ཚུལ།
རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ལ་འཕྲད་པའི་འགྲན་སློང་ལ་དམིགས་ནས། ཁོ་བོའི་བསམ་པར་གཅིག་ནས་ལོ་ཙཱ་བའི་གསོ་སྦྱོང་དང་སློབ་གསོའི་ཐད་ཤུགས་སྣོན་བརྒྱབ་ནས་ལོ་ཙཱའི་སྐད་ཡིག་ནུས་པ་དང་རིག་གནས་བྱང་ཚད་མཐོ་རུ་བཏང་ནས་མ་ཡིག་གི་ཡང་དག་རང་བཞིན་དང་གནད་འཁེལ་རང་བཞིན་འགན་ལེན་བྱེད་དགོས། གཉིས་ནས་བོད་ཀྱི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱས་ནས་གསར་འགྱུར་གཏོང་སྤེལ་བརྒྱུད་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་རིན་ཐང་མངོན་དགོས། གསུམ་ནས་རྒྱ་བོད་གསར་འགྱུར་ཁྱབ་སྤེལ་གྱི་མཉམ་འགུལ་རང་བཞིན་དང་ཐེ་ཞུགས་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ། གསར་འགྱུར་གསན་གཟིགས་གནང་མཁན་རྣམས་གསར་འགྱུར་ཁྱབ་སྤེལ་བརྒྱུད་རིམ་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་བཏང་ནས་གསར་འགྱུར་ཁྱབ་སྤེལ་གྱི་ཕན་འབྲས་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས།
རྒྱ་བོད་གསར་འགྱུར་ཁྱབ་སྤེལ་ནི་རྒྱ་བོད་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། འོན་ཀྱང་ལོ་ཙཱ་ཚད་ལྡན་མིན་པ་དང་རིག་གནས་ཁྱབ་སྤེལ་དོ་སྙོམས་མེད་པ་སོགས་འགྲན་སློང་གི་མདུན་དུ་ང་ཚོས་ལོ་ཙཱའི་གསོ་སྦྱོང་དང་སློབ་གསོའི་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ཀྱི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱེད་པ། རྒྱ་བོད་གསར་འགྱུར་ཁྱབ་སྤེལ་གྱི་མཉམ་འགུལ་རང་བཞིན་དང་ཐེ་ཞུགས་རང་བཞིན་སོགས་ཐད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་བསམ། དེ་ལྟར་བྱས་ཚེ་གཞི་ནས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྒྱ་བོད་གསར་འགྱུར་ཁྱབ་སྤེལ་གྱི་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་ཐུབ་སྙམ།
(ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་པད་མ་བཀྲ་ཤིས)
འབྲེལ་ཡོད་གསར་འགྱུར།