དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཁྱིམ་བདག་ཚོས་བུ་ཕྲུག་ལ་སྦྱོང་ཚན་ཟུར་ཁྲིད་ཡང་དག་པ་ཇི་ལྟར་བྱ་དགོས་མིན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-30

    དེང་དུས་ཀྱི་སྤྱི་ཚོགས་འཚོ་བའི་ནང་བུ་ཕྲུག་གི་སློབ་གསོ་དེ་ཁྱིམ་ཚང་ཚང་མས་དོ་ཁུར་ཆེ་ཤོས་བྱེད་ས་ཞིག་དང་། སེམས་ཁྲལ་ཆེ་ཤོས་བྱེད་ས་ཞིག་ཏུ་གྱུར་ཡོད། ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་དང་། ཁྱིམ་བདག་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན་ཞེས་བརྗོད་པ་ལྟར། བྱིས་པས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ཁྱིམ་བདག་གིས་གཡོལ་ཐབས་མེད་པའི་གལ་ཆེའི་གནས་བབ་བཟུང་ཡོད་ལ། སློབ་མར་སྦྱོང་ཚན་ཟུར་ཁྲིད་བྱ་རྒྱུ་དེ་ཡང་རྒྱུན་གཏན་རང་བཞིན་གྱི་ལས་འགན་ཞིག་ཏུ་གྱུར་ཡོད། དེར་བརྟེན། བདག་གི་བློ་ངོར་སློབ་མར་སྦྱོང་ཚན་ཟུར་ཁྲིད་ཡང་དག་བྱ་རྒྱུ་དེར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པར་མཐོང་།

    དང་པོ། ཁྱིམ་བདག་གིས་སྦྱོང་ཚན་ཟུར་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ལྷག་པའི་གནད་དོན།

    གཅིག ཁྱིམ་བདག་གིས་བྱིས་པར་རང་འགུལ་གྱི་བསམ་བློ་གཏོང་བའི་གོ་སྐབས་མེད་པ་བཟོས་པ།

    ཀྲུང་གོའི་དེང་རབས་ཀྱི་སློབ་གསོ་རིག་པ་མཁས་ཅན་ཡེ་ཧྲེང་ཐའོ(叶圣陶)ཡིས་ཟུར་ཁྲིད་བྱེད་པ་ནི་བྱིས་པའི་བསམ་གཞིགས་ལ་རོགས་རམ་དང་ཁྲིད་སྟོན་བྱ་རྒྱུ་ཡིན་པ་ལས་བསམ་གཞིགས་ཀྱི་ཚབ་བྱེད་མི་རུང་ཞེས་གསུངས་ཡོད།

    ཡིན་ནའང་། ཁྱིམ་བདག་མང་པོ་ཞིག་གིས་བྱིས་པས་སྦྱོང་ཚན་འབྲི་སྐབས་འགོ་ནས་མཇུག་བར་ཕྲུ་གུ་སྲུང་ནས་སྡོད་པ་དང་། ཕྲུ་གུའི་སྦྱོང་ཚན་ནང་ནོར་འཁྲུལ་ཕྲན་ཙམ་ཐོན་ཚེ། ཁྱིམ་བདག་ནས་ལམ་སེང་ཐེར་འདོན་དང་སྐྱོན་བརྗོད་བྱེད་པ། ཐ་ན་ཚིག་ངན་སྤྱོད་རྩུབ་སྒོ་ནས་ཐད་ཀར་དྲིས་ལན་སློབ་པ་སོགས་བྱེད་ཀྱི་ཡོད་པ་དཔེར་ན། ཕྲུ་གུས་ཨང་རྩིས་སྦྱོང་ཚན་འབྲི་སྐབས། ཁྱིམ་བདག་གིས་སློབ་མས་རྩིས་གཞི་རྩི་སྟངས་ནོར་བའམ། ཡང་ན་རྩི་དཀའ་བའི་རྩིས་གཞིར་བསམ་བློ་གཏོང་བཞིན་པ་མཐོང་སྐབས། སྒུག་ཡུན་མི་བཟོད་པར་ལམ་སེང་ངང་ཐུང་སེམས་འཚབ་ཀྱིས་ཕྲུ་གུས་མུ་མཐུད་བསམ་བློ་གཏོང་བར་བཀག་འགོག་བྱས་ཏེ་ཁྱིམ་བདག་སོ་སོའི་བསམ་བློ་བཞིན་ལམ་སེང་ནང་དོན་བུ་ཕྲུག་ལ་སློབ་པའི་བྱ་སྤྱོད་དེས་སློབ་མའི་བསམ་གཞིགས་ཀྱི་ནུས་པ་དང་རང་འགུལ་གྱི་སྦྱོང་ཚན་ལེགས་གྲུབ་བྱེད་པའི་གོམས་གཤིས་འཇགས་རྒྱུར་འགོག་རྐྱེན་བཟོས་ནས། རྒྱུན་པར་སྦྱོང་ཚན་འབྲི་བའི་སྐབས་བུ་ཕྲུག་ལ་གནད་དོན་གང་འདྲ་འཕྲད་ཀྱང་ཁྱིམ་བདག་མེད་ན་སྒྲུབ་ཐབས་མེད་པའི་གོམས་གཤིས་ངན་པ་ཞིག་རང་བཞིན་དུ་འཇགས་སུ་འཇུག་གི་ཡོད་པས། ཁྱིམ་བདག་ཚོས་དུས་རྒྱུན་ནས་བུ་ཕྲུག་ཚོར་ངང་རྒྱུད་རིང་པོས་སོ་སོས་བསམ་བློ་གཏོང་དུ་འཇུག་རྒྱུ་ཧ་ཅང་གལ་ཆེ།

    གཉིས། ཚན་རིག་དང་མཐུན་པའི་ཐབས་ཤེས་མི་འདང་བས་ཟུར་ཁྲིད་ཀྱི་ཕན་ནུས་ཞན་པ།

    ཁྱིམ་བདག་ཁག་ཅིག་གིས་སློབ་མར་སྦྱོང་ཚན་ཟུར་ཁྲིད་བྱེད་སྐབས་ཞྭ་དཔེ་ལྷམ་འགེབས་བྱེད་ཀྱི་ཡོད་པ་དཔེར་ན། རྒྱུན་གཏན་སྦྱོང་ཚན་ཁག་ལེགས་གྲུབ་བྱེད་སྐབས། ཁྱིམ་བདག་ནས་སློབ་མར་ཐབས་ལ་མཁས་པའི་ཟུར་ཁྲིད་བྱ་རྒྱུ་ལྟ་ཅི། ཁྲལ་སེལ་སླ་བཅོས་ཀྱིས་དྲིས་ལན་ཐད་ཀར་བཤུ་རུ་བཅུག་པ་དེས་གནས་སྐབས་ཀྱི་དཀའ་ངལ་སེལ་བ་ཙམ་ལས་དོན་དངོས་སློབ་མར་ཕན་འབྲས་ཡོད་མེད་སོགས་ལ་བསམ་གཞིགས་གཏན་ནས་བྱེད་ཀྱི་མེད། བོད་ཡིག་སྦྱོང་ཚན་ཟུར་ཁྲིད་བྱེད་སྐབས་ཕ་མས་དཀར་ཆ་དོད་ལ་ཁུ་སིམ་པ་དང་གཙང་སྦྲ་དོད་པའི་ཁོར་ཡུག་ཅིག་བསྐྲུན་ཏེ་བུ་ཕྲུག་ལ་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱས་ནས་ནུས་པ་ཐོན་པའི་སྦྱོང་ཚན་སྤུས་ལེགས་ཤིག་ལེགས་གྲུབ་ཐུབ་པ་དགོས།

    གསུམ། ཁྱིམ་བདག་གི་བསམ་པའི་ཀུན་སློང་མི་ལེགས་པས་བྱིས་པའི་སློབ་སྦྱོང་བྱེད་སེམས་ལ་ཤུགས་རྐྱེན་ཐེབས་པ།

    ཁྱིམ་བདག་གིས་ཕྲུ་གུར་སྦྱོང་ཚན་ཟུར་ཁྲིད་བྱེད་སྐབས་བུ་ཕྲུག་ཚོས་སྤུས་ཚད་ལེགས་པ་དང་མྱུར་ཚད་མགྱོགས་པ། ནོར་འཁྲུལ་མེད་པ་ཞིག་འབྲི་རྒྱུར་རེ་སྒུག་བྱེད་པ་ལས་ཕྲུ་གུས་འབྲི་བྱའི་ནང་དོན་བསྐྱར་ཟློས་དང་ནོར་བ་སོགས་ལ་སྣང་བ་གཏོང་གི་མེད། འོན་ཀྱང་སྦྱངས་འབྲས་ལེགས་པོ་མ་བྱུང་བའི་སྐབས་སུ་ཕ་མས་ཁོང་ཁྲོ་བྱེད་བཞིན་ཡོད།

    ཁྱིམ་བདག་གི་སེམས་ཁམས་ལ་དོ་དམ་ཡང་དག་མ་ཐུབ་པ་དེས་ཕྲུ་གུའི་སེམས་ཁམས་ལ་གནོན་ཤུགས་ཆེན་པོ་བཟོས་ནས། བྱིས་པ་སློབ་སྦྱོང་བྱེད་རྒྱུར་འཇིགས་སྣང་དང་། དངངས་སྐྲག སེམས་ཁྲལ་བཅས་ཀྱིས་ག་ལེར་སེམས་ཁམས་ལ་ཕོག་ཐུག་བྱུང་ནས་སློབ་སྦྱོང་ལ་བརྩོན་སེམས་མེད་པ་འགྱུར་གྱི་ཡོད།

    གཉིས་པ། སྦྱོང་ཚན་ཟུར་ཁྲིད་ཡང་དག་པ་བྱེད་པའི་རྩ་དོན།

    གཅིག བྱིས་པ་གཙོ་བཟུང་བྱེད་རྒྱུར་མཐོང་ཆེན་བྱེད་དགོས།

    བསླབ་གཞི་གསར་པའི་རེ་བར། ཕྲུ་གུ་ནི་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་མི་སྣ་གཙོ་བོ་ཡིན་ཞེས་པ་ལྟར། ཁྱིམ་བདག་ནས་བྱིས་པའི་སློབ་སྦྱོང་བརྒྱུད་རིམ་ཁྲོད། བྱིས་པའི་བསམ་བློ་དང་ལྟ་བར་མཐོང་ཆེན་དང་བརྩི་འཇོག་གང་ཐུབ་བྱས་ཏེ། སྦྱོང་ཚན་ཟུར་ཁྲིད་བྱེད་པའི་སྐབས་སུ་སློབ་མ་ནི་བྱེད་པོ་གཙོ་བོར་བཟུང་བའི་རྩ་དོན་སྲུང་ནས། བྱིས་པ་རང་ཉིད་ཀྱིས་འབད་པ་ཆེན་པོས་བསམ་གཞིགས་བྱེད་པར་སྐུལ་མ་གཏོང་དགོས་པ་དཔེར་ན། བྱིས་པར་རྩིས་རིག་གི་ཤེས་བྱའི་དཀའ་གནད་འཕྲད་སྐབས། ཁྱིམ་བདག་གིས་སློབ་མར་དྲི་བ་གང་མང་བཏོན་ཐོག་དངོས་དཔེ་དང་འདྲ་དཔེ་སློབ་ཆས་སོགས་སྤྱོད་གང་ཐུབ་ཀྱིས་གཅིག་ཤེས་ཀུན་གྲོལ་ཡོང་བའི་ཐབས་ལ་བརྟེན་ནས་གནད་དོན་ཁག་ཐག་གཅོད་ཡོང་བ་བྱེད་དགོས།

    གཉིས། རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ནུས་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས།

    དེ་ཡང“བ་མོ་བཤས་པ་ལས་བ་མོ་འཇོ་བར་དགའ”ཞེས་པར་ལྟར། ཁྱིམ་བདག་གིས་བུ་ཕྲུག་ལ་སྦྱོང་ཚན་ཟུར་ཁྲིད་བྱེད་པའི་མཐའ་མའི་དམིགས་ཡུལ་ནི་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དུས་རྒྱུན་སྦྱོང་ཚན་འབྲི་བའི་བརྒྱུད་རིམ་ནང་ཁྱིམ་བདག་ནས་བུ་ཕྲུག་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་གསལ་འགྲེལ་བྱས་ཐོག་ནུས་ལྡན་གྱི་འཆར་གཞི་བཟོ་རོགས་བྱེད་པ་དང་། དུས་ཚོད་ལ་འཆར་བཀོད་བྱེད་ཤེས་པ། སྔོན་སྦྱོང་བྱེད་པའི་གོམས་གཤིས་འཇགས་པ། བསྐྱར་སྦྱོང་བྱེད་ཤེས་ལ་སྔོན་སྦྱོང་བྱེད་ཤེས་པ། རང་རྐྱ་འཕེར་བའི་སྒོ་ནས་སློབ་ཕྱིའི་དཔེ་དེབ་གང་མང་བལྟ་རྒྱུར་དགའ་བ། དུས་ཐོག་ཏུ་སྦྱོང་ཚན་ལེགས་གྲུབ་བྱེད་དུ་འཇུག་དགོས།

    གསུམ། ཁྱིམ་བདག་ནས་ངང་རྒྱུད་རིང་པོ་དང་ཞི་འཇམ་གྱི་བསམ་པ་རྒྱུན་འཁྱོངས་བྱེད་དགོས།

    བྱིས་པའི་སློབ་སྦྱོང་དང་འཚར་ལོངས་ནང་ས་བོན་སྐྱེ་འཚར་ལྟ་བུའི་བརྒྱུད་རིམ་རིང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད། བརྒྱུད་རིམ་དེའི་ནང་བུ་ཕྲུག་གིས་ནོར་བ་དང་འཁྲུལ་པ། ཡང་མ་དག་པ་ཅུང་ཟད་ཐོན་རྒྱུ་ནི་ཆོས་ཉིད་ཅིག་ཡིན། དེར་བརྟེན། ཁྱིམ་བདག་ནས་སྦྱོང་ཚན་ཟུར་ཁྲིད་བྱེད་སྐབས་ངང་རྒྱུད་རིང་པོའི་སྒོ་ནས་ངག་འཇམ་པོས་ཟུར་ཁྲིད་བྱེད་པ་དང་། བྱིས་པའི་སློབ་སྦྱོང་གི་དཀའ་ངལ་ལ་བསམ་ཤེས་དང་རྒྱུས་ལོན་བྱེད་པ། ཧུར་བརྩོན་ཆེན་པོས་གདེང་འཇོག་བྱེད་དགོས་པ་དཔེར་ན། སློབ་མའི་སྦྱོང་ཚན་གྱི་སྤུས་ཚད་དང་མྱུར་ཚད་སོགས་ལ་ལེགས་པའི་ཆ་ཅུང་ཙམ་ཐོན་ཚེ། ཁྱིམ་བདག་ནས་ངག་ཐོག་ནས་བསྔགས་བརྗོད་བྱེད་པ་མ་ཟད། ཚད་ལྡན་གྱི་བྱ་དགའ་ཆུང་ཆུང་ལ་སོགས་སྤྲད་ནས་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་དགོས།

    གསུམ་པ། སྦྱོང་ཚན་ཟུར་ཁྲིད་བྱེད་པའི་ཡང་དག་གི་ཐབས་ཇུས་འགོད་པ།

    གཅིག སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས།

    བྱིས་པས་རང་ཚུགས་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པར། ཁྱིམ་བདག་ནས་སློབ་མའི་སློབ་སྦྱོང་ཁོར་ཡུག་ལ་དོ་སྣང་བྱས་ཏེ་ཕྱི་རོལ་ཟང་ཟིང་གི་སྐད་སྒྲ་ལ་སོགས་ཀྱི་ཤུགས་རྐྱེན་མི་ཕོག་པའི་ཁོར་ཡུག་ཁ་ཁུ་སིམ་ཞིང་ལྷིང་འཇགས་པ་ཞིག་སྐྲུན་དགོས། ཁྱིམ་བདག་ནས་བྱིས་པ་སྦྱོང་ཚན་འབྲི་སྐབས་རང་ཉིད་ཀྱིས་ཁ་པར་དང་བརྙན་འཕྲིན་ལྟ་བ་སོགས་མི་བྱེད་པར་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཆ་ལྟ་རྒྱུར་མིག་དཔེ་འདོན་དགོས།

    གཉིས། སྦྱོང་ཚན་འབྲི་བའི་དུས་ཚོད་ཚད་དང་ལྡན་པ་བཀོད་སྒྲིག་བྱེད་དགོས།

    དེ་ཡང་ཁྱིམ་བདག་ནས་ཕྲུ་གུའི་སྦྱོང་ཚན་གྱི་ནང་དོན་མང་ཉུང་དང་དཀའ་སླར་གཞིགས་ནས། ཕྲུ་གུ་དང་མཉམ་དུ་སྦྱོང་ཚན་འབྲི་བའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པ། འབྲི་བའི་དུས་ཚོད་ཀྱང་ཕྲུ་གུ་སོ་སོའི་ལོ་ནའི་ཁྱད་ཆོས་དང་སེམས་ཁམས་ཀྱི་ཆོས་ཉིད་ལ་གཞིགས་ནས་དུས་རིམ་ཆུང་ཆུང་འགའ་ལ་བགོས་ཏེ། དུས་རིམ་རེ་རེ་ཚར་རྗེས་འོས་འཚམ་གྱི་ངལ་གསོ་རྒྱག་ཏུ་འཇུག་པའི་ལམ་ལུགས་ལག་བསྟར་བྱས་ན་ཕྲུ་གུ་སྦྱོང་ཚན་འབྲི་བར་ངལ་དུབ་དེ་ཙམ་མི་ཡོང་བར་འབྲི་འདོད་ཀྱི་བློ་སྐྱེས་ཤིང་ལས་ཕྱོད་ཀྱང་ཇེ་ཆེ་རུ་འགྲོ་བར་ཕན།

    གསུམ། ཕན་ནུས་ལྡན་པའི་ཟུར་ཁྲིད་ཀྱི་ཐབས་ཤེས་སྤྱོད་དགོས།

    ཁྲིད་སྟོན་གྱི་རྣམ་པའི་ཐོག་ནས་དྲི་བ་འདོན་པ་དཔེར་ན། སློབ་མས་ཐག་གཅོད་མི་ཐུབ་པའི་གནད་དོན་འཕྲད་ཚེ། ཁྱིམ་བདག་ནས་ཐད་ཀར་དྲིས་ལན་མི་སློབ་པར་དྲི་བ་འདོན་པ་དང་དྲན་གསོ་སློང་བའི་ཐབས་ལ་བརྟེན་ནས་ནང་དོན་ལ་གོ་བ་ལེན་དུ་འཇུག་དགོས།

    ད་དུང་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱ་རྒྱུའང་གལ་ཆེ་སྟེ། སྦྱོང་ཚན་དང་བྱིས་པའི་དགའ་ཕྱོགས་གཉིས་ཟུང་དུ་འབྲེལ་ནས། བྱིས་པའི་སློབ་སྦྱོང་གི་སྤྲོ་བ་འཕེལ་བར་བྱེད་པ་དཔེར་ན། བྱིས་པ་རི་མོ་འབྲི་བར་དགའ་པོ་ཡོད་ཚེ་རྒྱ་ཡིག་གི་སྙན་ངག་སློབ་ཚན་དང་བོད་ཡིག་གི་སློབ་ཚན་ཁག་གཅིག་གི་ནང་དོན་རི་མོར་བཀོད་ན་དེ་བས་གོ་བ་ལེན་བདེ་བའི་ནུས་པ་ཆེ་བ། གལ་ཏེ་བྱིས་པ་གླུ་དབྱངས་ལ་དགའ་པོ་ཡོད་ཚེ། ཀློག་འདོན་གྱི་ནང་དོན་སྙན་པའི་དབྱངས་དང་མཉམ་དུ་གྱེར་འདོན་བྱེད་དུ་བཅུག་པ་ན་ཀློག་ལ་འཇུག་པའི་སྤྲོ་བ་འཕེལ་ཐུབ།

    སློབ་མ་ཞིག་གི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་ཡོང་བར། སློབ་གྲྭ་དང་དགེ་རྒན་གཅིག་པུར་རག་ལུས་པ་ཞིག་མ་ཡིན་པར། ཁྱིམ་བདག་དང་ཁྱིམ་ཚང་སློབ་གསོ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ། ལྷག་པར་དུ་ཁྱིམ་བདག་ཚོས་བུ་ཕྲུག་གི་སྦྱོང་ཚན་ལ་ཟུར་ཁྲིད་ཡང་དག་པ་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བར་བརྟེན། ཁྱིམ་བདག་ཚོས་བྱིས་པའི་བློ་རིག་སྔོག་འདོན་བྱེད་པ་དང་། རང་འགུལ་རང་བཞིན་གྱི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་པ། སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་དང་ཆ་རྐྱེན་བཟང་པོའི་མཐུན་རྐྱེན་ཁག་ལ་འགན་སྲུང་གིས་སྦྱངས་འབྲས་ཡར་ངོའི་ཟླ་ལྟར་འཕེལ་བར་འབད་བརྩོན་བྱེད་དགོས།

    (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སློབ་ཆུང་གི་བྱང་ཆུབ་ལྷ་འཛོམས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།