བྱིས་པ་ཚོ་མེ་ཏོག་རང་རེད།
བྱིས་པ་ཚོ་མེ་ཏོག་རང་རེད། བྱིས་པ་ཚོའི་འཛུམ་མདངས་མེ་ཏོག་ཞལ་ཁ་ཕྱེ་བ་དང་གཉིས་སུ་མ་མཆིས་ཤིང་། མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་དག་གིས། སྐྱེ་རྒུའི་ཚོགས་ལ་སྤྲོ་བ་སྟོང་དང་དགའ་བ་འབུམ་ཕྲག་རིས་མེད་དུ་སྟེར་ནུས། བྱིས་པ་ཚོ་མེ་ཏོག་རང་རེད། བྱིས་པ་ཚོའི་ལང་ཚོ་མེ་ཏོག་འདབ་བརྒྱ་གྲོལ་བ་དང་ཡོངས་སུ་མཚུངས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མེ་ཏོག་དག་གིས། རང་གཞན་ཚང་མར་རེ་བ་སྟོང་དང་གསོན་ཤུགས་འབུམ་ཕྲག་ཕངས་མེད་དུ་སྦྱིན་ནུས།
བྱིས་པ་ཚོ་མེ་ཏོག་རང་རེད། མེ་ཏོག་འདྲ་བའི་བྱིས་པ་ཚོ་ཡོད་པས། ཁྱིམ་ཚང་ཆུང་ཆུང་དེ་དགོད་སྒྲས་ཁེངས་ལ། མེ་ཏོག་འདྲ་བའི་བྱིས་པ་ཚོ་ཡོད་པས། ཁོར་ཡུག་ཆུང་ཆུང་དེ་དགའ་སྤྲོས་མྱོས་ཤིང་། མེ་ཏོག་འདྲ་བའི་བྱིས་པ་ཚོ་ཡོད་པས། འཇིག་རྟེན་ཆུང་ཆུང་དེ་དྲོ་སྐྱིད་ཀྱིས་གཏམས།
བྱིས་པ་ཚོ་མེ་ཏོག་རང་རེད། མེ་ཏོག་ལྟ་བུའི་བྱིས་པ་ཚོ་ནི། ཕ་མ་སྤུན་མཆེད་ཚོའི་མིག་ནང་ན་ཆེས་མཛེས་པའི་མེ་ཏོག་རང་རེད། མེ་ཏོག་ལྟ་བུའི་བྱིས་པ་ཚོ་ནི། ཕུ་ནུ་མིང་སྲིང་ཚོའི་སེམས་དབུས་ན་ཆེས་མཛེས་པའི་མེ་ཏོག་རང་རེད། མེ་ཏོག་ལྟ་བུའི་བྱིས་པ་ཚོ་ནི། ཁ་ཡ་ན་ཟླ་ཚོའི་གྲལ་སྟར་ན་ཆེས་མཛེས་པའི་མེ་ཏོག་རང་རེད།
བྱིས་པ་ཚོ་མེ་ཏོག་རང་རེད། གསོན་པར་སླ་ཞིང་རྙིད་པར་སླ་བའི་མེ་ཏོག་རང་རེད། མེ་ཏོག་བཞིན་གྱི་བྱིས་པ་ཚོར། དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་མེད་གྱུར་ནས། བདེ་མ་ཐང་མར་འཚར་ལོངས་ཡོང་བ་ཤོག མེ་ཏོག་བཞིན་གྱི་བྱིས་པ་ཚོར། སད་དང་སེར་བའི་བར་ཆད་མེད་གྱུར་ནས། དགའ་དགའ་སྤྲོ་སྤྲོར་འཚར་ལོངས་ཡོང་བར་ཤོག
འབྲེལ་ཡོད་གསར་འགྱུར།