བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས“རི་མོ་དང་རོལ་དབྱངས་འདུ་ཚོགས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།
འདི་ནི་མཐོ་སྒང་སྒྲ་སྙན་རོལ་དབྱངས་ཚོགས་པས་སྒྲ་སྙན་དཀྲོལ་བཞིན་པ།
ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་བདེ་ཆེན་གྲོང་རྡལ་དུ“རི་མོ་དང་རོལ་དབྱངས་འདུ་ཚོཌ”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཐོག“སྒྱུ་རྩལ་གྱིས་འཚོ་བར་སྤྲོ་སྣང་སྦྱིན་པ་དང་རོལ་དབྱངས་ལ་བརྟེན་ནས་རང་བྱུང་ཁམས་ཉམས་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རོལ་དབྱངས་མྱོང་རོལ་དང་། སྒྱུ་རྩལ་གླེང་བ། རི་མོ་འབྲི་བ་བཅས་མཉམ་འདྲེས་ཀྱི་ཉམས་ལེན་ལ་བརྟེན་ནས་ས་གནས་དེ་གའི་གྲོང་མི་དང་སྒྱུ་རྩལ་ལ་དགའ་པོ་བྱེད་མཁན་ཚོའི་ཡིད་དབང་བཀུག་ཡོད།
རོལ་དབྱངས་བྱེད་སྒོར་མཐོ་སྒང་སྒྲ་སྙན་རོལ་དབྱངས་ཚོགས་པས་སྲོལ་རྒྱུན་གྱི་སྒྲ་སྙན་དེང་རབས་ཀྱི་རོལ་དབྱངས་དང་ཟུང་འབྲེལ་བྱས་ཏེ《གྲོ་མོ་རིན་ཆེན་སྒང》སོགས་གླུ་གཞས་བཏང་བ་དང་། ན་གཞོན་གཞས་པ་ཚེ་རིང་ནོར་བུས་དམངས་གཞས་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་མངོན་པར་བྱས་ཡོད། སྒྱུ་རྩལ་གླེང་མོལ་བྱེད་སྒོར་ན་གཞོན་རི་མོ་མཁས་ཅན་གཡུང་དྲུང་སྒྲོལ་མས་རང་ཉིད་དབང་པོ་སྐྱོན་ཅན་ཡིན་ཡང་གསར་རྩོམ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པའི་སྐོར་བཤད་པ་དང་། “རང་བྱུང་དང་སྒྱུ་རྩལ་དབར་གྱི་འབྲེལ་བར”དམིགས་ནས་བགྲོ་གླེང་བྱས་པ་མ་ཟད། བརྩམས་ཆོས་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་རིག་གནས་དང་ཡུལ་བབ་ལྗོངས་བཀོད་ཀྱི་ཁྲོད་ནས་གསར་རྩོམ་གྱི་བློ་སྒོ་འབྱེད་པའི་བརྒྱུད་རིམ་གླེང་བ་རེད། རི་མོ་འབྲི་བའི་ཉམས་ལེན་བྱེད་སྒོར་ཞུགས་མཁན་གྱིས་བདེ་ཆེན་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་དང་མཐའ་འཁོར་གྱི་རང་བྱུང་མཛེས་ལྗོངས་ཀྱི་རྣམ་པ་རི་མོར་ཕབ་པ་དང་། གཡུང་དྲུང་སྒྲོལ་མས་རི་མོ་འབྲི་སྟངས་དང་ཚོན་གཏོང་སྟངས་སོགས་ལ་མཛུབ་ཁྲིད་བྱས་ནས་རི་མོའི་བརྩམས་ཆོས་10ལྷག་ཙམ་ལེགས་སྒྲུབ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་མཛེས་དཔྱོད་ཀྱི་ལྟ་བ་མཐོ་རུ་ཕྱིན་པ་མ་ཟད། ས་གནས་ཀྱི་སྒྱུ་རྩལ་མཁས་ཅན་ལ་འགྲེམས་སྟོན་དང་སྤེལ་རེས་ཀྱི་སྟེགས་བུའང་མཁོ་འདོན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།