དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྒྲུང་ཐུང་མཐོང་བ་དོན་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-27

    ཝ་མོ་དང་ཁྲུང་ཁྲུང་།

    ཝ་མོས་ཁྲུང་ཁྲུང་ཁ་ལག་ཟ་བར་གདན་དྲངས་པར་ཁྲུང་ཁྲུང་གིས་དགའ་སྤྲོའི་ངང་ཡོང་། ཡིན་ནའང་དེར་འབྱོར་རྗེས། ཟ་མ་ནི་སྡེར་མའི་ནང་དུ་བླུགས་པའི་ཐང་ཡིན་པས། མཆུ་ཏོ་རིང་ཞིང་རྣོ་བའི་ཁྲུང་ཁྲུང་ལ་ཟ་རྒྱུ་གང་ཡང་མ་རག ཉིན་ཞིག་ཁྲུང་ཁྲུང་གིས་ཝ་མོར་གསོལ་ལན་འབུལ་བའི་ཚུལ་དུ་ཝ་མོ་ཁ་ལག་ཟ་བར་གདན་དྲངས་པར་ཝ་མོས་ཀྱང་དགའ་སྤྲོའི་ངང་བསྐྱོད། འོན་ཀྱང་། དེར་འབྱོར་རྗེས་ཟ་མ་ནི་བུམ་པ་སྐེ་རིང་ཞིག་ཏུ་བླུགས་ཡོད་པས། ཝ་མོར་མིག་ལ་མཐོང་རྒྱུ་ཡོད་ཀྱང་། ཁ་ལ་བཟའ་རྒྱུ་གང་ཡང་མ་རག དེ་ལས། ར་སྤུའི་འུར་རྡོ་ར་ཡི་མཇིང་པར་ཕོག་ཅེས་པ་ལྟར། མི་གཞན་ལ་རྩེད་མོ་རྩེ་དུས། ཉིན་ཞིག་མི་གཞན་གྱིས་ཀྱང་རང་ཉིད་ལ་རྩེད་མོ་དེ་ལྟར་རྩེ་སྲིད་པ་དྲན་དགོས་པའི་གནས་ལུགས་བསྟན།

    རྨ་བྱ་དང་ཅོ་ག

    རྨ་བྱས་ཅོ་ག་ནང་བཞིན་སྙན་འཇེབས་ལྡན་པའི་གྲེ་འགྱུར་ཞིག་བྱུང་ན་ཅི་མ་རུང་ཨང་སྙམ་གྱི་ཡོད། འོན་ཀྱང་། རྨ་བྱས་ཁ་གདངས་ནས་སྐད་བརྒྱབ་མ་ཐག་ཚང་མ་གད་མོ་ཤོར་ནས་གྲོད་པར་ཡང་ན་ཚ་གཏོང་གྲབས་བྱས། དེས་ན། རྨ་བྱས་དྲང་སྲོང་འཚོལ་བར་བསྐྱོད་དེ་རང་ལའང་ཅོ་ག་དང་འདྲ་བའི་མགྲིན་པ་ཞིག་གནང་རོགས་ཞུས། མཐའ་མ་དྲང་སྲོང་གིས། ཅོ་གར་སྙན་འཇེབས་ལྡན་པའི་གྲེ་འགྱུར་ཞིག་ཡོད། རང་ལ་ཡང་མཛེས་སྡུག་ལྡན་པའི་མཇུག་སྒྲོ་ཡོད་པ་མ་རེད་དམ་ཞེས་བཤད། དེ་ལས། མི་ཚང་མར་སྤོབས་པ་སྐྱེ་འོས་པའི་ཆ་ཞིག་ཡོད་ལ། མི་འདང་བའི་ཆའང་ཡོད། འཇིག་རྟེན་འདིར་སྐྱོན་གྱི་དྲི་མས་མ་འགོས་པའི་དངོས་པོ་ཞིག་མེད་ཚུལ་བསྟན།

    ཝ་མོ་དང་ར་ཕོ།

    ཝ་མོ་ཞིག་གཟབ་གཟབ་མ་བྱས་པར་ཁྲོན་པ་ཞིག་གི་ནང་དུ་ལྷུངས་པས། ཁོས་དོན་ཐབས་ག་ཚོད་བྱས་ཀྱང་གཏན་ནས་དོན་མ་ཐུབ་པར་ལུས། སྐབས་དེར། ཏག་ཏག་དེ་ནས་བརྒྱུད་འགྲོ་མཁན་གྱི་ར་ཕོ་ཞིག་གིས་མཐོང་བས། ར་ཕོས་ཝ་མོ་ལ། ག་རེ་བྱས་བྱུང་ངམ་ཞེས་དྲིས་པར། ཝ་མོས། མགྱོགས་པོ་ཐན་པ་ཆེན་པོ་ཞིག་སྟོན་གྲབས་འདུག་པས། ཆུ་རག་པའི་ཆེད་དུ་ངས་ཁྲོན་པའི་ནང་དུ་མཆོངས་པ་ཡིན་ཞེས་བཤད། ར་ཕོས་ཝ་མོའི་སྐད་ཆ་ཐོས་རྗེས་ཐེ་ཚོམ་མེད་པར་ཁྲོན་པའི་ནང་དུ་མཆོངས་ཤིང་། མཐའ་མ་ཝ་མོས་ར་ཕོའི་སྒལ་པར་འཛེགས་ནས། ཁྲོན་པའི་ཕྱི་ལ་དོན་ནོ། དེ་ལས་གཡོ་ཅན་དང་སྒེར་སེམས་ཅན་གྱི་མི་དང་འགྲོགས་མི་ཉན་པ་བསྟན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།