བརྩེ་སེམས་མུ་ཏིག་དཀར་པོ།
ཁམས་ཟླ་སྲས།
ལྡེམ་ལྡེམ་ལུས་ཀྱི་སྟངས་སྟབས་ཤིག་གིས། །
དབང་མེད་ཡིད་ཀྱི་དྲན་པ་ཕྲོགས་སོང་། །
ཁ་དན་ཚིག་གི་འགྱུར་མེད་དམ་བཅའ། །
རང་སྲོག་ལས་ཀྱང་གཙིགས་སུ་འཛིན་འོས། །
ཁྱོད་ཀྱི་དུང་ཞེན་བརྩེ་བའི་མུ་ཏིག །
བདག་གི་མགུལ་དུ་མཛེས་པར་བསྒྲོན་ན། །
ཡ་ཆུང་ཟླ་བའི་གུར་ཁང་དབུས་སུ། །
ཁྱོད་ཞལ་མེ་ལོང་རང་འཆར་ཡིན་ནོ། །
སེམས་སོང་སྙིང་གི་ཁྲེལ་གཞུང་ཅན་མ། །
གཞོན་པའི་སྙིང་གི་ཞིང་སར་བཞད་དུས། །
སྤང་ལྗོངས་བདེ་མོའི་མེ་ཏོག་དག་ཀྱང་། །
ངོ་ཚའི་དབང་གིས་མགོ་བོ་དུད་སོང་། །
དགུང་སྔོན་མཐོངས་ཀྱི་དཀར་གསལ་ཟླ་བ། །
ཁྱོད་གདོང་མཛེས་པའི་དོ་ཟླ་མིན་སོང་། །
ཙ་རིའི་རོང་གི་སྨྱུག་ཕྲན་ཚོགས་ཀྱང་། །
ཁྱོད་གཟུགས་མཐོང་དུས་ལྕུག་ལྕུག་འདར་སོང་། །
མཛེས་སྡུག་མེ་ཏོག་སྐྱེད་མོས་ཚལ་དུ། །
གཡུ་སྦྲང་བུང་བས་གཤོག་རྩལ་ངོམས་དུས། །
དབྱངས་རྟ་སྙན་མོའི་འགྱུར་ཁུག་ལྷན་དུ། །
ཁྱོད་དང་ལྡེམ་ལྡེམ་གར་ལ་རོལ་ཆོག །
མི་ཚེའི་ལམ་འཕྲང་ཅི་ཙམ་དོག་ཀྱང་། །
སེམས་པ་སྦྲེལ་ནས་མདུན་དུ་ཆས་དགོས། །
མི་ཚེའི་ལ་ཁའི་དབུ་རྩེར་འབྱོར་ཡང་། །
བརྩེ་སེམས་དར་དཀར་རིང་དུ་བསྲིངས་ངེས། །
སྔོ་ལྗང་གཡུ་ཡི་མཎྜལ་ཐང་དུ། །
མ་བསྡུས་ཁྱོད་དང་ལྷན་དུ་འཛོམས་དུས། །
ཡིད་ལ་རེ་བའི་མཛངས་མ་རྣམ་གྲོལ། །
མི་ཚེ་འདི་ཡི་སྐྱ་ཡ་ཡིན་སོང་། །
ཁྲུང་ཁྲུང་དཀར་མོའི་སྙན་དབྱངས་དྲུག་འགྱུར། །
གཙང་པོའི་ངོགས་ནས་ལྷང་ལྷང་གྲགས་དུས། །
རྒྱང་རིང་ས་མཐའི་ཆུང་འདྲིས་ལོ་ལོ། །
ཡ་ཆུང་སེམས་ཀྱི་ནམ་མཁར་འཆར་བྱུང་། །
འབྲེལ་ཡོད་གསར་འགྱུར།