རྩྭ་ཐང་དུ་བཞད་པའི་སློབ་གསོའི་མེ་ཏོག
བཀྲ་ཤིས་རྒྱལ་མཚན།
ཀ
སྤྱི་ལོ་2003ལོའི་དབྱར་ཁར། ང་རང་སློབ་གྲྭ་ནས་ཐོན་ཏེ་ལྷོ་ཁར་ལས་བགོས་བྱུང་། ཏག་ཏག་ལོ་དེ་དག་རིང་ལྷོ་ཁའི་རྫོང་ཁག་གཅིག་ལ་ལོ་དགུའི་ལམ་ལུགས་ཀྱི་འགན་བབ་སློབ་གསོ་ཞིབ་བཤེར་རྩིས་ལེན་བྱེད་པའི་དུས་མཚམས་ལ་སླེབས་ཡོད་པས། ང་རང་ཡང་ལོ་དགུའི་ལམ་ལུགས་ཀྱི་འགན་བབ་སློབ་གསོ་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་ལ་བསླེབས་པའི་མཚོ་སྨད་རྫོང་ལ་ལས་བགོས་བརྒྱབ།
ང་རང་མཚོ་སྨད་སློབ་འབྲིང་དུ་འབྱོར་དུས། ཏག་ཏག་ཞིབ་བཤེར་རྩིས་ལེན་དང་འབྲེལ་བའི་ལས་ཀ་ནི་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀ་དངོས་ལས་ཀྱང་གལ་ཆེ་ལ། ཛ་དྲག་པའི་རྣམ་པ་ཞིག་མཐོང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་སློབ་གྲྭ་ཁག་ཏུ་སློབ་གསོའི་ལམ་ལུགས་དང་སྒྲིག་གཞི། སློབ་གསོའི་ཁོར་ཡུག་དང་ཆ་རྐྱེན། དེ་བས་སློབ་ལོ་ལོན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་དང་། ཁྱིམ་བདག་དང་སྤྱི་ཚོགས་ནས་སློབ་མའི་སློབ་གསོར་དོ་སྣང་དང་འགན་འཁྲི་ཇི་ལྟ་བུ་ཞིག་འཁུར་མིན་སོགས་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱེད་པའི་སློབ་གསོའི་ཞིབ་བཤེར་གལ་ཆེན་ཞིག་རེད། འོན་ཀྱང་། སྐབས་དེ་དུས། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་སློབ་གསོར་འཛིན་པའི་གོ་རྟོགས་ཧ་ཅང་དམའ་ཞིང་བུ་ཕྲུག་སློབ་གྲྭར་གཏོང་ཚད་ནི་དེ་བས་ཡིད་སྐྱོ་དགོས་པ་ཞིག་རེད།
ལྷག་པར་དུ། མཚོ་སྨད་རྫོང་ནི་འབྲོག་ལས་གཞི་རྒྱ་ཆེ་བའི་རྫོང་ཞིག་ཡིན་པས། འབྲོག་ཁུལ་གྱི་སློབ་མ་སློབ་གྲྭར་འབྱོར་ཚད་ཞིང་ཁུལ་དང་བསྡུར་ན་དེ་བས་ཉུང་། ང་རང་མཚོ་སྨད་སློབ་འབྲིང་དུ་ཐོག་མར་འབྱོར་དུས། སློབ་གྲྭ་ཁྱོན་ཡོངས་སུ་ཤང་གྲོང་ཁག་ནས་སློབ་མ་དྲུག་བརྒྱ་ལྷག་ཙམ་འབྱོར་དགོས་ཀྱང་། སློབ་གྲྭར་རྟག་འབྱོར་ཐུབ་པའི་སློབ་མ་ལྔ་བརྒྱ་ཙམ་ལས་མེད། སློབ་བྱོལ་བྱས་པའི་སློབ་མ་ཕལ་ཆེ་བ་ནི་གྲི་གུ་དང་། བྲག་རྩ། དགུ་འདུས་གསུམ་གྱི་འབྲོག་ཁུལ་ནས་ཡིན་ཞིང་། རྒྱུན་གཏན་འབྲོག་ཁུལ་དེ་གསུམ་གྱི་སློབ་མ་ཆ་ཚང་བ་ཞིག་ཧ་ལམ་མཐོང་རྒྱུ་མེད། སྤྱི་ལོ་2006ལོར། ངེད་རྫོང་སོགས་ལོ་དགུའི་འགན་བབ་སློབ་གསོའི་ཞིབ་བཤེར་རྩིས་ལེན་གྱི་མཐའ་མའི་དུས་ལ་སླེབས་པས། སློབ་མའི་འབྱོར་ཚད་མ་མཐར་ཡང་ཚད་གཞི་ལོན་དགོས། དེར་བརྟེན། 2005ལོའི་དབྱར་དུས་ཀྱི་ཉིན་ཞིག་ལ། རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ངེད་སློབ་གྲྭའི་སློབ་སྤྱི་གཅིག་ལྕོགས་བློ་བཟང་ལགས་དང་ཁོ་བོ་མཉམ་དུ་འབྲོག་བྲག་རྩར་སློབ་བྱོལ་སློབ་མ་སུམ་ཅུ་ལྷག་ཙམ་དང་། དེ་དག་གི་ཁྱིམ་བདག་ལ་སློབ་མ་སློབ་གྲྭར་གཏོང་དགོས་ལུགས་ཀྱི་བསམ་བློའི་སློབ་གསོ་རྒྱག་པར་ཐོན། སློབ་གསོ་ཅུས་ནས་བྲག་རྩ་ཤང་ལ་སྔོན་ཚུད་ནས་ཁ་པར་བརྒྱབ་སྟེ་ཚོགས་འདུ་ཡོད་ལུགས་བརྗོད་མོད། ང་ཚོ་རྫོང་ནས་ཐོན་ཏེ་ཆུ་ཚོད་གཉིས་ལྷག་ཙམ་སོང་མཚམས་བྲག་རྩར་འབྱོར་དུས། གྲོང་ཚོའི་དཀྱིལ་གྱི་རྒྱལ་སྒོ་ལྷོ་གཏད་ཀྱི་ཤང་མི་དམངས་སྲིད་གཞུང་གི་སྒོ་རའི་ནང་ཁྱིམ་བདག་རེ་གཉིས་ལས་འབྱོར་མེད། ཤང་གི་དབུ་ཁྲིད་རབ་རྒྱས་ཀྱིས་ཅུས་ཀྲང་བློ་བཟང་ཕེབས་པ་མཐོང་ནས། ལམ་སེང་ཅུས་ཀྲང་གི་མདུན་བསུས་ཏེ། ད་མང་ཚོགས་མགྱོགས་པོ་འཛོམས་པ་ཡོད། འཁྱུག་ཙམ་སྒུག་རོགས་གནང་ཞེས་ང་ཚོ་སྒོ་རའི་མཐིལ་ནས་རྡོ་སྐས་གསུམ་བཞི་ཙམ་འཛེག་དགོས་པའི་གཡབ་འོག་ཏུ་ཁྲིད། དེ་ནས་ཆུ་ཚོད་ཕྱེད་ཙམ་བསྒུགས་རྗེས། མང་ཚོགས་རྣམས་ལ་བྲེལ་འཚུབ་ཀྱི་སྣང་བ་ཙམ་ཡང་མེད་པར། ལག་ཏུ་ལག་ལས་དང་ཡོག་པ་རེ་ཁྱེར་ཏེ། དལ་བ་དལ་བུར་འབྱོར་རིམ་བཞིན་སྒོ་རའི་རྡོ་གཅལ་ཐོག་ཏུ་བསྡད་ནས། རང་གི་ལག་ལས་བྱེད་ཞོར་གཏམ་གླེང་གི་དབྱིངས་སུ་ཚུད་པ་ལས་ང་ཚོས་ཁོ་ཚོ་དུས་ཡུན་ཇི་ཙམ་བསྒུགས་མིན་ལ་སྣང་བ་གཏན་ནས་མི་གཏོང་། དེ་ནས་ཤང་གི་འགོ་ཁྲིད་ཀྱིས་དེ་རིང་ཚོགས་འདུ་སྐོང་དགོས་པའི་རྒྱུ་མཚན་དང་། ཚོགས་འདུའི་ནང་དོན་གང་ཡིན་སྐོར་གླེང་མ་ཐག འོག་ཏུ་གཏམ་ཤབ་ཤུབ་ཀྱིས་ཚོགས་ཆུང་གྲོས་བསྡུར་བྱེད་པ་དང་། གང་ཙམ་ནས་རྣ་གཡུ་བཏགས་པའི་བགྲེས་སོང་ཞིག་གིས་ངའི་ཕྲུ་གུ་སློབ་གྲྭར་གཏོང་དགོས་ན་སེམས་ཅན་འཚོ་མཁན་ཞིག་ཁྱོད་ཚོས་ཁྲིད་ཤོག་ཟེར་བ་དང་། དེར་མཐུད་ནས་ལ་ལས་ངའི་ཕྲུ་གུ་སློབ་གྲྭར་གཏོང་དགོས་ན་གྲོང་པའི་ཕྲུ་གུ་ཡང་སློབ་གྲྭར་གཏོང་དགོས་ཟེར། ལ་ལས་ངའི་ཕྲུ་གུ་གཟུགས་པོ་ཐང་ཐང་མེད་པས་སློབ་གྲྭར་བཏང་ནས་གནས་ཚུལ་ལྷག་ན་ཁྱོད་ཚོས་འགན་འཁུར་དགོས་ཟེར། ཅུས་ཀྲང་བློ་བཟང་ལགས་ཀྱིས་འོས་འགན་སློབ་གསོའི་གལ་ཆེའི་རང་བཞིན་དང་། ལྷག་པར་དུ། ཉེ་ལམ་ལོ་དགུའི་ལམ་ལུགས་ཀྱི་འགན་བབ་སློབ་གསོའི་ལས་འགན་ལྕི་ཚུལ་སོགས་གང་མང་གསུངས་རུང་། མང་ཚོགས་ཀྱིས་རང་ལྟ་ཨུ་ཚུགས་བྱེད་པ་ལས་གནས་ལུགས་རྒྱུ་མཚན་ལ་ཉན་མཁན་ཧ་ལམ་མེད། ཚོགས་འདུ་ཉིན་ཕྱེད་ཙམ་འཚོགས་ཀྱང་ད་དུང་མང་ཚོགས་ཀྱིས་སློབ་མ་སློབ་གྲྭར་གཏོང་རྩིས་ཀྱི་རྣམ་འགྱུར་ཙམ་ཡང་མ་བསྟན་པས། ཅུས་ཀྲང་བློ་བཟང་འུ་ཐུག་ནས། འོ་ན་ཁྱོད་ཚོས་སྔོན་ལ་སློབ་མ་རྣམས་ལོ་དགུའི་ལམ་ལུགས་ཀྱི་འགན་བབ་སློབ་གསོའི་ཞིབ་བཤེར་རྩིས་ལེན་མ་ཚར་བར་སློབ་གྲྭར་གཏོང་དགོས་ཞེས་གསུངས་པ་དང་། ཤང་གི་འགོ་ཁྲིད་ནས་ཀྱང་གནས་ལུགས་རྒྱུ་མཚན་མང་དག་གསུངས་མཐར། གཞི་ནས་དེ་ལྟར་བྱེད་པར་ཁས་འཆེས།
ཁ
ང་རང་འཛིན་བདག་ཞིག་གི་ངོས་ནས་ཀྱང་། བྲག་རྩའི་སློབ་མ་སློབ་བྱོལ་བྱེད་པའི་ཐད་མགོ་ན་དགོས་པའི་དོན་དག་མང་པོ་འཕྲད་མྱོང་། དེའང་2006ལོའི་དགུན་ཨ་རང་ད་རང་གི་མཚན་མོ་ཞིག་ལ། བྲག་རྩའི་སློབ་མ་ཁ་ཤས་སློབ་གྲྭའི་ལྕགས་རི་ལས་མཆོངས་ནས་སློབ་བྱོལ་དུ་ཕྱིན། ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་བདུན་པ་ཟིན་མཚམས་སུ། ཁ་བའི་འདབ་མས་ས་གཞི་བཏུམས་ཤིང་གྲང་ངར་གྱི་སྤུ་གྲི་ངར་མས་འཚེ་བའི་སྐབས། གློ་བུར་དུ་ལས་རེས་དགེ་རྒན་ལིའུ་ཀྲང་གིས་བྲག་རྩའི་སློབ་མ་སློབ་བྱོལ་དུ་ཕྱིན་འདུག་ཟེར། གནས་ཚུལ་གསལ་རྟོགས་བྱུང་རྗེས། ལམ་སེང་སློབ་གྲྭ་དང་སློབ་གསོ་ཅུས། དེ་བཞིན་རྫོང་མི་དམངས་སྲིད་གཞུང་ནས་ཕྱར་བ་གྲུ་འདེགས་ཀྱིས་མི་སྣ་དང་། རླངས་འཁོར་སྒྲིག་འཛུགས་ཀྱིས་སློབ་མ་བཙལ་འཚོལ་གྱི་ལས་ཀ་བཀོད་སྒྲིག་བྱས། དགེ་རྒན་བུད་མེད་ཚོས་ཉེ་འཁོར་གྱི་རྫོང་ནང་ཁུལ་དུ་བཙལ་འཚོལ་དང་དགེ་རྒན་བུ་ཚོས་ལམ་རྒྱུད་ཀྱི་བྲག་རྩའི་ཕྱོགས་སུ་འཚོལ་བར་ཕྱིན། རྫོང་དང་ཁ་བྲལ་ནས་གང་ཙམ་བསྐྱོད་རྗེས་ཁ་ལེབ་ལ་རྩེར་སླེབས་སྐབས། རླངས་འཁོར་ཡང་སྐྱོད་མི་ཐུབ་པས། མི་རྣམས་ག་བྱེད་འདི་བྱེད་མེད་པར་ལུས་པའི་མཚམས་སུ། ཤར་ངོས་ཀྱི་གཤོང་སའི་མཚེར་ས་ཞིག་ནས་གྲི་གུའི་ལུག་རྫིས་ལག་གཡུག་བྱེད་པ་མཐོང་། ང་ཚོས་ལུག་རྫིའི་ལམ་སྟོན་བཞིན་པུས་མོ་མན་ཙམ་དུ་སླེབས་པའི་ཁ་བའི་ཁྲོད་དུ་བསྐྱོད་མཐར། གཞི་ནས་སློབ་ཕྲུག་ཚོ་རྙེད། ང་ཚོས་སློབ་ཕྲུག་ཚོར་ཁ་ཏ་བསླབ་བྱ་གང་མང་བྱས་ནས། རླངས་འཁོར་ཡོད་ས་བར་དུ་སྒལ་པར་ཁུར་ནས་སློབ་གྲྭར་ཁྲིད།
དེ་ལྟར་ལོ་དགུའི་ལམ་ལུགས་ཀྱི་འགན་བབ་སློབ་གསོའི་ཞིབ་བཤེར་རྩིས་ལེན་བྱེད་མཚམས་ཤང་དང་སློབ་གྲྭ རྫོང་གསུམ་ནས་ཐབས་བརྒྱ་ཇུས་སྟོང་གིས་སློབ་བྱོལ་སློབ་མ་རྣམས་རུབ་རུབ་བཟོ་ཐུབ་ཙམ་བྱུང་རུང་། སློབ་མ་རེ་འགའ་ནི་ཡི་གེ་ན་གཅིག་མི་ཤེས་པ་དང་། ཐ་ན་སློབ་མ་རེ་འགའ་ནི་ཁྱིམ་དུ་གཉེན་སྒྲིག་གི་སྟ་གོན་ཡང་བྱས་ཟིན་པས། དེ་ནི་ཁྱིམ་བདག་རྣམས་ནས་འགན་འབབ་སློབ་གསོའི་ཡང་དག་སྲིད་ཇུས་ལ་དམ་འཛིན་དང་མཐོང་ཆེན་བྱེད་མ་ཐུབ་པའི་གྱོང་གུན་ཆེན་པོ་ཞིག་རང་རེད།
ག
སྤྱིར་ལོ་དེ་དག་རིང་འབྲོག་བྲག་རྩའི་སློབ་མའི་སློབ་ཞུགས་སྤུས་ཚད་ཤང་གྲོང་གཞན་དང་བསྡུར་ན་སྐྱོ་པོ་ཡིན་རུང་། ཁྱིམ་བདག་དང་སློབ་ཕྲུག་ཚང་མ་གོང་གསལ་ལྟར་ག་ལ་ཡིན་སྲིད། སློབ་མ་མང་པོ་ཞིག་གིས་རང་རང་གི་ཕུགས་བསམ་གྱི་དོན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱད་ནས་དུས་ཐོག་ཏུ་སློབ་གྲྭར་ཞུགས་པ་དང་། ཡ་རབས་ཀྱི་སྤྱོད་བཟང་བསྐྱངས་ནས་ཤེས་བྱ་ཡོན་ཏན་ལ་འབད་བརྩོན་བྱས་དང་བྱེད་མུས་ལགས། ལོ་དེ་དག་རིང་ང་རང་གིས་མིག་མཐོང་ལག་ཟིན་དུ་གྱུར་པའི་འབྲོག་བྲག་རྩའི་སློབ་མ་མང་དག་ཅིག་སློབ་ཐོན་ལས་ཞུགས་ཐུབ་ནས་རང་ལྗོངས་ཀྱི་ས་ཕྱོགས་གང་སར་ལས་རིགས་མི་འདྲ་བའི་ལས་གནས་སུ་རང་རང་གི་ལེགས་སྐྱེས་ཕུལ་དང་འབུལ་བཞིན་ཡོད་པ་རེད། དེ་ལྟར་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། དཔེ་མཚོན་སློབ་ཕྲུག་འགའ་ཞིག་གི་མིག་དཔེ་བཟང་པོའི་འོག བྲག་རྩ་ནས་སློབ་མ་མང་པོ་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་བཞིན་སློབ་གྲྭ་ཐོན་ནས་ལས་ཀ་རག་པ་དང་། ལྷག་པར་དུ། མཚོ་སྨད་སློབ་འབྲིང་ནས་སློབ་མཐར་ཕྱིན་པའི་གཞོན་ནུ་མང་པོ་མཚོ་སྨད་རྫོང་དུ་ལས་ཞུགས་ཐུབ་པས། འབྲོག་པ་མང་ཚོགས་ཀྱི་བསམ་བློར་རིམ་བཞིན་བཅིངས་འགྲོལ་ཐོབ་པ་དང་། སློབ་གསོའི་གལ་ཆེའི་རང་བཞིན་རྟོགས་མཁན་ཡང་ཇེ་མང་དུ་གྱུར།
སྤྱི་ལོ་2016ལོར་རྒྱལ་ཁབ་ཀྱིས་བོད་དུ་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། ཞིང་འབྲོག་མང་ཚོགས་ཚོས་དབུལ་པོའི་ཞྭ་མོ་ཕུད་དགོས་ན། ངེས་པར་དུ་སྔོན་ལ་བསམ་བློ་དབུལ་པོ་མིན་དགོས་པའི་དོན་སྙིང་རྟོགས་པ་དང་། ཤང་དང་གྲོང་རྡལ། རྫོང་དང་གྲོང་ཁྱེར་ནས་ཀྱང་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས་བསམ་བློ་རྙིང་པ་དང་། གོམས་སྲོལ་ངན་པར་སློབ་གསོ་བསྐྱོན་པ་དང་ཆབས་ཅིག ཕྱུག་འགྱུར་གྱི་ལམ་སྟོན་དང་། ཚོང་ལས་གཉེར་སྟངས། ལས་ཞུགས་ཐག་གཅོད། དེ་བཞིན་རྫོང་ནང་ཁུལ་གྱི་ལས་བྱེད་ལས་བཟོ་དང་ཁ་གཏད་རོགས་སྐྱོར་གྱི་ཐབས་ཤེས་སོགས་ཐབས་བརྒྱ་ཇུས་སྟོང་གིས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་གནང་བས། ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་སྣང་ཟབ་ཏུ་ཕྱིན་པ་དང་། ཁོང་ཚོས་སློབ་གསོ་ནི་ཡར་རྒྱས་ཀྱི་ལམ་བུ་ཉག་ཅིག་དེ་ཡིན་པར་ངེས་ཤེས་ཟབ་མོ་རྙེད། དེས་ན། སྤྱི་ལོ་2017 ལོའི་བྱང་ཚད་སློབ་གསོ་དང་། 2019ལོའི་སློབ་གསོ་དོ་སྙོམས་ཀྱི་ཞིབ་བཤེར་ཁྲོད་མཚོ་སྨད་་རྫོང་གི་སློབ་གྲྭ་ཁག་གི་སློབ་ལོ་ལོན་པའི་སློབ་མ་སློབ་ཞུགས་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན་པས། བཀྲག་ཆུ་སྔོན་མོའི་རྒྱུད་ཀྱི་རྩྭ་ཐང་གཡུ་ཡི་བུ་མོའི་པང་ཁ་ནས། འབྲོག་པ་མང་ཚོགས་ཀྱིས་སློབ་གསོར་འཛིན་པའི་འདུ་ཤེས་ཀྱི་མེ་ཏོག་ལ་འབྲས་བུ་མངོན་གསལ་དོད་པོ་ཐོབ་པ་གང་ལེགས་མངོན་ཡོད།
ང
ཉེ་བའི་ལོ་ཤས་རིང་། འབྲོག་བྲག་རྩའི་མང་ཚོགས་ཀྱིས་སློབ་གསོར་འཛིན་པའི་འདུ་ཤེས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ཅེས་པ་ནི་ཁ་སྟོང་ནང་གི་ལྕེ་སྟོང་ཙམ་མ་ཡིན་ཏེ། ད་ཆ་འབྲོག་བྲག་རྩའི་མང་ཚོགས་ཚོས་བུ་ཕྲུག་སློབ་གྲྭར་བཏང་བ་ཙམ་མ་ཡིན་པར། རང་གི་བུ་ཕྲུག་སློབ་གསོའི་ཆ་རྐྱེན་ལེགས་པའི་རྫོང་ཕྱིའི་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ཏུ་གཏོང་ཐབས་བྱེད་ཀྱི་ཡོད། དེ་ལས་ཁོ་ཚོས་ནམ་རྒྱུན་ཕྱི་ལ་ཚོང་རྒྱག་པར་འགྲོ་དུས་གྲོང་ཁྱེར་ནང་གི་སློབ་གསོའི་ཁྱད་ཆོས་དང་། སྤུས་ཚད་ལ་དོ་སྣང་བྱེད་བཞིན་ཡོད་པས་མི་ཚད། གྲོང་ཁྱེར་ནང་གི་མིའི་ཡར་ཐོན་བསམ་བློར་སློབ་སྦྱོང་བྱེད་ཀྱིན་ཡོད་པ་གསལ་པོར་ཤེས་ཐུབ། ད་ལྟ་མི་ཤུགས་ཆ་རྐྱེན་ལེགས་པའི་བྲག་རྩའི་འབྲོག་པ་མང་པོས་གཅིག་ནས་རྩེད་ཐང་དང་། ཐ་ན་ལྷ་ས་སོགས་སུ་ཚོང་ལས་གཉེར་ནས་རང་གི་ཡུལ་ཟོག་ཐོན་རྫས་ཚོང་བ་དང་། གཉིས་ནས་གྲོང་ཁྱེར་དུ་ཁང་པ་གླས་ཏེ་རང་གི་ཚ་བོ་ཚ་མོ་གྲོང་ཁྱེར་གྱི་བུ་བཅོལ་ཁང་དུ་སྐྱེལ་བ། སློབ་ཆུང་དང་ཐ་ན་དམའ་འབྲིང་སོགས་དཀྱུས་གཅིག་ཏུ་གྲོང་ཁྱེར་དུ་གཏོང་གི་ཡོད་པས། ད་ལྟ་འབྲོག་པའི་བུ་ཕྲུག་རྣམས་ཀྱང་རྩྭ་ཐང་གི་མིང་དོན་མཚུངས་པའི་ཤེས་ཡོན་གྱི་བདག་པོ་དང་མེས་རྒྱལ་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་སྒྱུར་བཞིན་ཡོད་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་།
ད་ལྟའི་ཆར་འབྲོག་པ་མང་ཚོགས་ཚོས་སློབ་མ་སློབ་གྲྭར་གཏོང་ཚད་བརྒྱ་ཆ་བརྒྱ་ཟིན་པས་མི་ཚད། སློབ་གསོའི་ཉིང་དགོས་རྟོགས་ཤིང་མི་གཤིས་ཀུན་སྤྱོད་ཀྱི་རྩ་བའང་སློབ་གསོར་ཐུག་པའི་ངེས་ཤེས་ཇེ་གསལ་དུ་འགྲོ་བཞིན་པ་ནི། ང་རང་སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་མདུན་མའི་དགེ་རྒན་དཀྱུས་མ་ཞིག་གི་ངོས་ནས་ཡིད་སེམས་སྤྲོ་བས་བརྟས།
འབྲེལ་ཡོད་གསར་འགྱུར།