ག་བཏང་གོ་ཆོད་ཀྱི་ཕོ་གཞོན་དཔའ་རྒོད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ།
བྲག་ཁུད་བྲག་ཅེས་འབོད་པའི་རི་ཆུང་སྟོད་ལྷེ་འདྲ་བ་ཞིག་སྤྱི་མིང་ལ་དགའ་བོ་ཞེས་འབོད་པའི་གྲོང་ཚོ་དེའི་དབུས་སུ་ཆགས་ཤིང་། རི་རྩེ་ཤིན་ཏུ་དམའ་ནའང་དེ་ནས་གྲོང་ཚོ་ཧྲིལ་པོའི་སྡེ་ཚོ་ཁག་གི་སོ་ནམ་པའི་མི་ཁྱིམ་ཡོད་རྒུ་མཐོང་ཐུབ། རྒྱབ་རི་ཆུང་ངུ་དེ་སྔས་མགོ་ལྟ་བུར་བྱས་ཤིང་། རི་སུལ་ནས་བྲོས་ལ་ཤོར་བ་ལྟ་བུའི་མྱང་ཆུ་གཙང་པོ་ཡི་ཆུ་ལག་གཤིན་པོའི་ཞིང་སར་འདྲེན་ཐུབ་པའི་བྲག་རྡོག་མདུན་གྱི་གཤོངས་ས་དེ་ནི་སྔ་མོའི་བྲག་ཁུད་གཞིས་ཀ་ཆགས་ཤུལ་ཡིན། གནའ་སྔ་མོ་སྔ་མོ་ནས་དགའ་བོ་གྲོང་ཚོར་ཁྱོན་སྡེ་ཚོ་ཆུང་ཆུང་བརྒྱད་ཡོད་པ་ཚང་མར་མིང་ཡང་སྙན་པོ་རེ་ཡོད་དེ། ཤར་ངོས་སུ་ཉི་སྡེ་ཀ་རྒྱབ་དང་། སྨྱུག་གྲོང་། སྒོ་རྒྱ་བཅས་གསུམ་དང་། བྱང་ངོས་སུ་གྲོ་བོ་ཆེ། ནུབ་ལ་གཞིས་ཀ་འོག ལྷོ་རུ་གཞིས་ཀ་གོང་དང་དགའ་བོ། དབུས་སུ་བྲག་ཁུད་བཅས་སྡེ་ཚོ་རེ་ལ་བཀྲས་ལྷུན་བླ་བྲང་འོག་གི་བྲག་ཁུད་གཞིས་ཀའི་སྒེར་པ་ཐར་ཐོར་ཕུད། བྲན་གཡོག་དུད་ཆུང་ཞེ་གཅིག་གིས་མངའ་བདག་ཆེན་པོ་གསུམ་ལ་དབང་བའི་ཡུལ་ལུང་དེའི་ས་ཞིང་གི་སྟོན་དཔྱིད་ངལ་ལས་དང་སྒོ་ཕྱུགས་ཀྱི་གཡོག་བྱེད། མི་དཔོན་རྣམས་ལ་ཁྲལ་འུལ་ཞབས་ཕྱི་སོགས་སྒྲུབ་དགོས།
ཕོ་ལོ་སུམ་ཅུ་མ་ཟིན་པའི་གཞོན་ནུ་དཔའ་རྒོད་ནི་ཧ་གཉིད་གོ་ཞིང་རྣམ་རིག་སྐྱེན་པོ་ཞིག་རེད། ཁོས་རང་གི་ཨ་ཕྱི་ལགས་ནི་བོད་རྙིང་པར་བྲག་ཁུད་གཞིས་ཀའི་བྲན་གཡོག་ཡིན་ལུགས་དང་། ཨ་ཕྱི་ལགས་ཀྱིས་གསུངས་མྱོང་བའི་འདས་དོན་རྣམས་རྡོ་ལ་རི་མོ་བརྐོས་པ་བཞིན་ཡིད་ལ་གསལ་ལེར་ངེས་ཡོད་དེ། གྲང་རླུང་འུར་འུར་དུ་ལྡང་བའི་དགུན་དུས་ཀྱི་ཕྱི་དྲོ་ཞིག་ལ། ཚར་རྒྱུ་མེད་པའི་གཞིས་ཀའི་བལ་ལས་ཀྱི་བྲེལ་བར་མགོ་འཁོར་བའི་ཨ་ཕྱི་ལ་གཞིས་ཀའི་ལྕམ་སྐུ་ཞབས་ཀྱི་བཀའ་མངགས་བཞིན། ཁྱིམ་མཚེས་ཀྱི་སྤོ་བོ་བོང་རྫི་ཞིག་ཡོད་པ་དེ་བྲག་ཁུད་གཞིས་ཀའི་བོང་བུ་དེད་ནས་འུ་ལག་རྒྱུག་པར་འགྲོ་དགོས་པའི་ཛ་དྲག་གི་བརྡ་ཐོ་སྐྱེལ་བར་བཏང་། རྣམ་ཀུན་དང་མི་འདྲ་བའི་ཛ་དྲག་གི་བརྡ་ཐོ་དེའི་དོན་གོ་མ་ཆོད་ཀྱང་། གང་ལྟར་གཞིས་ཀའི་ལྕམ་སྐུ་ཞབས་སྐུ་ངོ་མའི་བཀའ་ཡིན་སྟབས། དབུགས་གཅིག་མར་བོང་རྫི་ཡོད་སའི་རང་གྲོང་ཚོར་བརྒྱུགས་ཏེ་བརྡ་ལན་སྐྱེལ་བར་ཕྱིན། ལྟོ་སྐྱ་གོས་ཧྲུལ་གྱི་ངན་ངོན་འཚོ་ཐབས་སྟེང་ལ་མི་དཔོན་གྱི་བཀའ་མངགས་དྲག་པོ་འབྱོར་བའི་ངལ་དུབ་ཀྱི་དབང་གིས། ཉིན་དེའི་མཚན་མོར། ཨ་ཕྱི་ལགས་མངལ་གནས་ཤོར་ཏེ་རིམ་བཞིན་ལུས་ཟུངས་ཟད། བཞིན་རས་ལས་ཐལ་མདོག་མངོན་ཞིང་མཐའ་མར་མལ་སར་ལུས། གློ་བུར་བའི་དོན་དེ་གཞིས་ཀའི་བལ་མ་གཞན་ཚོས་རྟོགས་རྗེས། བྲན་གཡོག་སེམས་བཟང་འགའ་རེས་ར་ལུག་གི་སུག་མཐིལ་བསྒྲུགས་ཏེ་རྩམ་པའི་བརྡ་ཙམ་བྱས་པའི་རུས་ཐང་སྦྱིན་མཐར། ལུས་པོ་དལ་བུར་གསོས་ཙམ་བྱུང་།
ད་དུང་ཨ་ཕྱི་ལགས་ཀྱིས་སྔ་མོའི་དྲན་འཆར་གསུངས་པར་གཞིགས་ན། སྤོ་བོ་བོང་རྫི་ལགས་ཀྱིས་འུ་ལག་རྒྱུག་ཐེངས་དེ་ནི་ཁོང་གི་སྐུ་ཚེ་ཧྲིལ་པོར་བརྗེད་ཐབས་བྲལ་ལ་སྐུ་ངོ་མི་དཔོན་གྱི་གཉའ་གནོན་ལས་ཐར་བའི་བཀྲ་ཤིས་ཐེམ་པ་ཡར་བརྩེགས་ཀྱི་ཉིན་མོ་ཞིག་ཡིན་ཞིང་། སྤོ་བོ་བོང་རྫི་དང་བཅས་པའི་བྲན་གཡོག་རྣམས་ཀྱིས་གཞིས་ཀའི་རིན་ཐང་ཅན་གྱི་སྡིག་ཆས་དང་སྐུ་ངོ་མི་དཔོན། དེ་བཞིན་ལྕམ་སྐུ་ཞབས་བཅས་པའི་གསོལ་ཆས་ཉེར་མཁོ་རྣམས་བོང་བུས་འཁྱོག་ཚོད་ཅིག་བཀལ་ནས། ཐག་རིང་ཡར་ཀླུང་གཙང་པོའི་གྲུ་ཁ་ཞིག་གི་བར་དུ་སྐྱེལ་མར་ཕྱིན། དེ་ནི་མི་ཐོག་ནས་མི་ཐོག་བརྒྱུད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྲོལ་ལུགས་ལྟར་མཐོན་པོ་མཐོན་པོའི་འགྱིང་སྟབས་ཀྱིས་ཞིང་བྲན་མི་མུས་རྒྱུད་བཅས་ལ་རྟ་ཟོག་སེམས་ཅན་ལྟ་བུའི་སྡུག་གཅོད་བཏང་བའི་སྡུག་གནོང་འཁུར་ཏེ། རྒྱལ་ཁམས་མི་ཡིས་མ་མཐོང་བའི་སར་བྲོས་བྱོལ་ལ་ཕྱིན་པའི་མཇུག་འབྲས་རེད་ཅེས་ཨ་ཕྱི་ལགས་ཀྱིས་སྤྱན་ཆབ་འབྱིད་བཞིན་དྲན་གསོ་མཛད། ཨ་ཕྱི་ལགས་སྐུ་འཚོ་ཞུགས་སྐབས་ཀྱི་བཀའ་མོལ་དག་རྟག་པར་དཔའ་རྒོད་ཀྱི་ཡིད་ཀྱི་མེ་ལོང་ངོས་སུ་གློག་བརྙན་སྟོན་པ་བཞིན་ཁྲ་ལམ་མེར་གསལ།
དབྱར་ཟླ་ར་བའི་ནམ་དུས་ཤར་སོང་། དགའ་བོ་གྲོང་ཚོའི་མུ་མཐའ་ཡངས་པའི་འོང་ཁར་གསེར་མདོག་པད་ཁའི་མེ་ཏོག་ཐགས་སུ་བཀྲ་ཞིང་ལོ་ཏོག་གི་ལྗང་བུ་བསིལ་རླུང་གིས་བསྐྱོད་པའི་ལྡེམ་ལྡེམ་སྟངས་སྟབས་ནི། ལང་ཚོའི་ཟིལ་པ་འཕྱུར་བའི་འཇོ་སྒེག་མ་ཡི་དཔེ་ཟླར་ཤིན་ཏུ་འོས། རྡོ་ཤིང་དང་ཨར་འདམ་གང་རུང་ལས་གྲུབ་པའི་བོད་ཁང་ཐོག་བརྩེགས་ཅན་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་སྐྱེ་བོའི་འདྲེན་བྱེད་ལམ་ལ་ཁྲ་ཆིལ་ལེར་མངོན་ཞིང་། བྱེའུ་ཅོ་ཀའི་ཅིར་ཅིར་གྲེ་འགྱུར་གྱི་སྙན་དབྱངས་ཕྱོགས་དང་ཕྱོགས་ནས་གྲགས་འོང་། གྲོང་ཚོའི་འཕྲེད་གཞུང་ཡོད་རྒུ་སྣུམ་ནག་དང་ཨར་འདམ་ལམ་བུས་ཡོངས་སུ་སྦྲེལ། རྫོང་མཁར་འདབས་སུ་ཆགས་པའི་ཞིང་གྲོང་ཡོད་ཚད་ལའང་འོད་སྣང་དང་ལྗང་མདོག་ནུས་རྒྱུ་སྦྱིན་མཁན་གྱི་གློག་ཆེན་ཀ་བ་པ་ཊའི་རིས་ལྟར་འགྱིངས། ཞིང་པ་ཚོས་སོ་ནམ་ཞིང་དལ་གྱི་ཞར་དང་ཞོར་ལ་ཀ་ལའི་ཆབ་རྒྱུན་གཙང་མའི་འོག་ཏུ་འོ་ཞོ་དཀྲོག་པའི་གྲངས་ཀྱི་ལས་གཞས་ལྷང་ལྷང་གྲགས། གྲོང་ཚོའི་བར་སྣང་གི་དམའ་སར་ལང་ལིང་དུ་ལྡིང་བའི་སྤྲིན་དཀར་གྱི་འོག་ཏུ། ཕག་པ་རི་གདོང་ཞེས་རྡོ་ཞུན་ལས་གྲུབ་པའི་དེའུ་འབུར་པོར་ཏོག་སྐྱ་རོག་རོག་འགའ་ཞིག་གིས་དགའ་བོ་གྲོང་ཚོའི་སྐྱུར་ཤས་ཅན་གྱི་སྔོན་བྱུང་གཏམ་རྒྱུད་ལ་དཔང་པོ་བྱེད་པ་ལྟར་དུ་གནས། ཞིང་གྲོང་གི་བཀོད་པ་དེ་ནི་བོད་རྙིང་པའི་བྲག་ཁུད་གཞིས་ཀའི་སྐུ་ངོ་ལྕམ་དང་བཅས་པ་བྲོས་བྱོལ་དུ་སོང་རྗེས། མི་ལོ་དྲུག་ཅུ་སྔ་ས་ནས་འདས་པའི་རྗེས་ཀྱི་དགའ་བོ་གྲོང་ཚོའི་དེ་རིང་གི་རྣམ་པ་རེད།
གཞོན་ནུ་དཔའ་རྒོད་ཀྱི་ཁྱིམ་ཚང་ལ་ཁྱོན་སོན་ཁལ་སུམ་ཅུ་ལྷག་གི་ས་ཞིང་ཡོད་མོད། ད་ཆ་ཞིང་འཕྲུལ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པ་དེས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་ཅིང་། ཉིན་གཅིག་གི་ཞིང་ཞོར་ཨར་ལས་གྲུབ་སྟེ་དཔའ་རྒོད་ཀྱིས་འཇིབ་ཆུང་རླངས་འཁོར་བཏང་ནས་དགའ་བོ་གྲོང་ཚོའི་བུ་བཅོལ་ཁང་གི་ཕྱོགས་སུ་ཕྲུ་གུ་བསུ་བར་བསྐྱོད། སྤྲོ་བས་ཁེངས་པའི་བུ་བཅོལ་ཁང་དེར་ཁོ་རང་གི་ཕྲུ་གུ་གསུམ་གྱི་རྒན་མགོ་དེ་བསྐྱལ་ཡོད་ཅིང་། དགའ་བོ་གྲོང་ཚོའི་སློབ་ལོ་མ་ལོན་གོང་གི་ན་མཉམ་བྱིས་པ་ཚང་མ་དེ་རུ་འཛོམས་འདུག ཨ་ཕས་རང་ཉིད་བསུ་བར་སླེབས་པ་མཐོང་རྗེས། བུས་དགའ་ཚོར་དང་བཅས་ཨ་ཕའི་ཁ་པར་ནས་ཨ་མ་དང་བརྙན་ལམ་འབྲེལ་བ་བྱེད་དགོས་ཞེས་ཉིན་དེའི་གཏམ་བཟང་གང་ཞིག་བརྗོད་རྒྱུ་ཡོད་པ་ལྟར་ཨུ་ཚུགས་བྱས། དེ་འཕྲལ་དཔའ་རྒོད་ཀྱི་ཁ་པར་ལས་དྲིལ་བརྡ་གྲགས་བྱུང་།
ཝ་ཡེ། ང་དཔའ་རྒོད་ཡིན། ཁྱེད་རང་སུ་ཡིན་ནམ།
ཨོ། ངས་སྐད་ངོ་ཆོད་སོང་། སྦྱིན་བདག་གླང་ཟིལ་རེད།
ཨོ། སང་ཉིན་ནས་བཟུང་རྣམ་གྲངས་ཀྱི་ལས་ཡུལ་ལ་ཤོག་ཟེར་རམ།
འོ་ཡཱ། ང་ལ་སྐབས་ཤིག་ལས་བྲེལ་མེད། ཁོམ་པ་ཡོད།
ཨོ། ག་རེ། ས་བླུག་འཕྲུལ་འཁོར་གཏོང་ཤོག་ཨས།
ལགས་སོ།
དཔའ་རྒོད་ཀྱི་རླངས་འཁོར་བྲག་ཁུད་གཞིས་ཀའི་གནའ་ཤུལ་བརྒྱུད་དེ་ཁྱིམ་ལ་ལོག་སྐབས། ཨ་ཕྱི་ལགས་ཀྱིས་གསུངས་མྱོང་བའི་སྣ་རྩ་སྦྲིད་པའི་ལོ་རྒྱུས་སྐྱོ་པོ་དག་སླར་ཡང་ཡིད་ལ་འཁོར།
དཔའ་རྒོད་དང་ཕྲུ་གུ་གཉིས་འཁྱུག་ཙམ་ཞིག་ལ་རང་ཁྱིམ་དུ་འབྱོར་ཞིང་། ཁོས་བ་རའི་ནང་དུ་ཤར་རེར་བསྐྱོད་དེ་འདོད་འཇོའི་བ་མོ་རྣམས་ལ་གཟན་རྩྭ་སྦྱིན་རྩིས་བྱས། རྒྱུད་བཟང་གི་བ་མོ་ཁྲ་ཁྲ་ལྔ་དྲུག་ཙམ་ཞིག་ས་ལ་ཉིལ་ལེར་ཉལ་ནས་ཆོག་ཤེས་ངང་ཚུལ་གྱི་མིག་ཟུང་བཙུམས་ཏེ་ལྡད་འབྲུ་མུར་བཞིན་འདུག དཔའ་རྒོད་བ་རའི་ནང་ལ་འཛུལ་བའི་སྒྲ་དེས་བ་མོ་དག་གིས་ཀྱང་དགོང་བཞོས་ཀྱི་དུས་ལ་སླེབས་པ་ཚོར་བ་ལྟར། རེ་རེ་བཞིན་རྨྱོང་ཤད་དང་བཅས་ཡར་ལངས། ཁོས་བ་མོ་ཡོངས་ཀྱི་བྲེས་ནང་ལ་གཟན་རྩྭ་ཕྲན་བུ་དང་ཟོམ་གྱི་ནང་དུ་འཇོབ་ཁུ་སྣོན་ཁ་བླུགས། བ་རའི་ལོགས་གཞན་ཞིག་ན་གཡབ་ཆུང་གྲལ་ལ་བཀབ་པའི་འོག་ཏུ་ཐོ་ཕྲུག་རྙིང་ཙམ་ཞིག་དང་ཁ་གསར་ཙམ་ཞིག་ཡོད་པ་དེ་གཉིས་ནི་དཔའ་རྒོད་དང་ཨ་ཕའི་རྨོན་མཛོ་རྨོན་གཡག་དོད་ཀྱི་སོ་ནམ་ལག་ཆ་རེད། དེའི་གཞོགས་གཅིག་ན་ཁོའི་ཁྱིམ་གྱི་རྟ་ཕོ་གཡུ་འབྲུག་མིང་ཅན་དེ་བཏགས་ཡོད་པས། དཔའ་རྒོད་མཐོང་མ་ཐག་འཚེར་སྐད་ལན་གཉིས་གྲགས། ས་ཞིང་དུད་ཚང་ལ་སྤྲད་ནས་རང་བདག་གཉེར་སྐྱོང་བྱེད་པའི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ཚུན། དགའ་བོ་གྲོང་ཚོའི་མང་ཚོགས་ཡོངས་ཀྱིས་སོ་ནམ་ལས་ཕྱོད་ལ་དང་དོད་བྱས་ནས། སྔོན་ཆད་མི་དམངས་ཀུང་ཧྲེ་མཇུག་སྒྲིལ་སྐབས་བགོ་བཤའ་རག་པའི་བོང་བུ་ཕལ་ཆེར་བེད་མེད་དུ་ལུས། དེའི་རྗེས་ལ་ཞིང་འཕྲུལ་དར་སོ་ཆེན་པོ་ཆགས་པ་དང་བསྟུན་ནས། ཁྱིམ་ཚང་ཡོངས་ཀྱི་རྟ་ཕོའང་དུས་སྟོན་སྐབས་སུ་རྒྱུག་མ་གཏོང་བྱེད་ཀྱི་བཞོན་རྟ་ཙམ་ལས་དུད་འགྲོར་བཀོལ་སྤྱོད་ཀྱི་སྡུག་བསྔལ་མང་པོ་མྱོང་དགོས་མེད། དཔའ་རྒོད་ཀྱི་དགོང་ལས་མང་ཆེ་བ་གྲུབ་དུས་ཕྲུ་གུའི་སྤོ་བོ་ལགས་དང་། རྨོ་བོ་ལགས། དེ་བཞིན་ཁོ་རང་གི་མནའ་མ་བཅས་པས་ཉིན་མོ་འོང་ཁར་ཞིང་ཆུ་དྲངས་ཟིན་ཏེ་དགོང་མོའི་ལྟོ་ཆས་ཟ་བར་བསྒུགས་ནས་ཡོད།
དཔའ་རྒོད་ཀྱིས་ནང་མི་ཚང་མ་འཛོམས་སར་གྲོས་འགོ་བཏོན་དོན། ད་གིན་མཚང་མིང་ལ་གླང་ཟིལ་ཟེར་མཁན་སྦྱིན་བདག་སྣ་ཁུང་ཆེན་པོ་དེའི་ཁ་པར་འབྱོར་བྱུང་། སང་ཉིན་ནས་བརྩིས་པའི་ཟླ་བ་གཅིག་ཙམ་རིང་ཁོང་གི་ལས་གྲྭར་ས་བླུག་འཕྲུལ་འཁོར་གཏོང་བར་འགྲོ་དགོས་འདུག ས་བླུག་འཕྲུལ་འཁོར་གསར་པ་ཉོ་སྐབས་ཀྱི་སྐྱེད་མེད་བུ་ལོན་ཡོངས་སུ་འཇལ་ཟིན་པ་དང་། ད་ལོ་ནས་བརྩིས་པའི་ཡོང་འབབ་ཚང་མ་ཁེ་འབབ་ལ་འགྲོ་གི་རེད། ད་ཆ་ཆར་ཆུ་འགྲིག་ཙམ་ཡོད་སྟབས་ཉིན་ལྟར་ཞིང་ཆུ་འདྲེན་མི་དགོས་པས། དེ་འདྲ་བྱུང་ན་ངའི་རླངས་འཁོར་གྱི་བུ་ལོན་ལྷག་མ་འཇལ་ཐུབ་ཀྱི་རེད། ད་དུང་ཡོང་འབབ་ཏོག་ཙམ་གསོག་མ་ཐུབ་ན་ལུང་པའི་ནང་རླངས་འཁོར་གསར་པ་ཉོ་བའི་དར་སྲོལ་ཆགས་འདུག ད་རེས་ཀྱི་ཨར་ལས་དེ་མཇུག་བསྒྲིལ་ཚེ་སྟོན་ལས་མ་ལངས་སྔོན་དུ་པཱ་ལགས་དང་ཨ་མ་ལགས་གཉིས་ཀྱང་ཉིན་ཤས་གནས་སྐོར་ལ་ཕེབས་ན་སྙམ་གྱི་འདུག་ཅེས་བརྗོད།
དཔའ་རྒོད་སློབ་ཆུང་འགྲིམ་པའི་སྐབས་སུ་ཚིག་ཐུང་ལ་བརྗོད་པ་བཟོས་ཏེ། ངས་སློབ་སྦྱོང་ཧུར་ཐག་བྱས་ནས་ཆེན་པོ་ཆགས་རྗེས་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་གྱི་འཇོན་ཐང་ཡོད་པའི་མི་ཞིག་བྱེད་ཀྱི་ཡིན་ཞེས་ཁ་ཕོ་བཤད་མྱོང་ཡང་། ཡིད་ཕམ་པ་ཞིག་ལ། ནམ་འཕང་བཅད་ནས་འཕུར་འགྲོ་མཁན་དེ་རིགས་ཀྱི་གྲས་སུ་མ་ཚུད། ཁོ་རང་་སློབ་འབྲིང་ལ་ཡིག་རྒྱུགས་གཏོང་བའི་ལོ་དེར། ཁྱིམ་དུ་ས་ཁང་ས་ཞིང་ལ་གཡོག་རྒྱུག་མཁན་ངལ་རྩོལ་ནུས་ཤུགས་ཁ་ཐང་བའི་དབང་གིས་དེ་ལྟར་ཕ་མ་གཉིས་ཀྱི་འགྲམ་དུ་ལུས་སོང་བ་རེད། འོན་ཀྱང་། ཁོ་རང་གིས་བརྩོན་འགྲུས་ལ་བརྟེན་ནས་ལས་ཞོར་དུ་རིག་གནས་ཤེས་བྱ་སྦྱངས་པ་མ་ཟད། ཞིང་ཞོར་དུ་ཨར་སྐྲུན་ལས་གྲྭ་གང་སར་བསྐྱོད་དེ་སྤྱོད་གོ་ཆེ་བའི་ལག་རྩལ་སྣ་མང་སྦྱངས་པས། ད་ཆའི་དཔའ་རྒོད་ནི་མ་གཞི་དགའ་བོ་གྲོང་ཚོར་ཞིང་པ་ཆེས་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་། རང་གི་ཁྱིམ་དུ་ཁོ་ནི་ག་བཏང་གོ་ཆོད་ཀྱི་ཕོ་རབ་གཅིག་ཏུ་གྱུར་ཡོད།
ཉིན་གཉིས་པའི་ཞོགས་པར། བྱ་ཕོའི་སྐད་སངས་ལན་གཉིས་ཐོས་རྗེས། དཔའ་རྒོད་དང་བཟའ་ཟླ་མལ་ལས་ལངས་ཏེ། ནང་མི་ཡོངས་ལ་ཞོགས་ཟས་གྲ་སྒྲིག་བྱས། དེ་མུར་འཇིབ་ཆུང་རླངས་འཁོར་བཏང་ནས་ཕྲུ་གུ་རྒན་ཤོས་བུ་བཅོལ་ཁང་དུ་བསྐྱལ། སླར་ཁྱིམ་དུ་ལོག་སྟེ་ས་བླུག་འཕྲུལ་འཁོར་བཏང་ནས་ལས་ཡུལ་དུ་ཆས་སོ།
འབྲེལ་ཡོད་གསར་འགྱུར།