དབྱར་གཞུང་གི་རེག་ཟིག
འགྱུར་ལྡོག་སྨུག་སྤྲིན་གཡོ་བའི་མི་ཡུལ་ནས། །
རེ་དོགས་སེམས་ཀྱི་རྦ་རླབས་རྒོད་ན་ཡང་། །
དྲོད་འཇམ་ཉི་འོད་འཛུམ་པའི་སྤང་ཁུག་ནས། །
མཛེས་སྡུག་ཧ་ལོ་ཁྱོད་ལ་མགུར་ཞིག་འབུལ། །
ཕྱི་བཀོད་མཛེས་ཤིང་ཆར་ལྡན་དུས་ཞེས་འབོད། །
དབྱར་ཟླ་ར་བའི་དབྱངས་ལྡན་དེ་ཡང་ལྷགས། །
ལྟ་བས་མི་ངོམས་སྔོ་ལྗང་དུས་ཚིགས་འདི། །
འགྲོ་བའི་ཡིད་སེམས་འཁྲེང་སའི་དབྱིག་འཛིན་ནོར། །
ལྷང་ལྷང་གྲགས་པའི་མོན་གྱི་ཁུ་བྱུག་དེས། །
སྐྱེ་འགྲོའི་སེམས་ལ་དགའ་བའི་དཔལ་སྟེར་ཞིང་། །
སྒྲོ་ལྡན་གཤོག་འགྱུར་ངོམ་པའི་རི་སུལ་ནས། །
གཤིས་བཟང་འབྲོག་གི་མཛངས་མའི་རྫི་གླུ་འཇེབས། །
སྲོག་ལྡན་ལང་ཚོ་རྒྱས་པའི་དབྱར་དུས་སུ། །
འཇིག་རྟེན་རྒྱན་གྱིས་བཀླུབས་པའི་ངང་ཚུལ་རྨད། །
ཕྲ་ཚོམ་མེ་ཏོག་དབུས་ཀྱི་སྦྲང་ཆུང་ཁྱོད། །
འཕུར་ལྡིང་གར་ལ་རོལ་བའི་གཤོག་རྩལ་རྫོགས། །
ཕྱེ་ལེབ་གར་དུ་རྩེན་སའི་དབེན་ཐང་དུ། །
ལུག་ཁྱུ་སྤྲིན་དང་འདྲེས་པའི་སྡེ་མཐའ་ནས། །
ལུག་རྫིའི་མགུར་མ་གཙང་པོའི་རླབས་དང་འགྲོགས། །
རྟ་ནོར་ལུག་གསུམ་འཛོམས་པའི་འབྲོག་སྡེ་སྐྱིད། །
ཟམ་ཟིམ་ཆར་པའི་འོག་གི་རྨི་ལམ་ཞིང་། །
བདེ་སྡུག་རེས་མོས་གྲུབ་པའི་ཚོར་བ་རྒོད། །
སྣང་བའི་འཇིག་རྟེན་འཇའ་ཡི་གུར་ཁང་ནང་། །
རྩྭ་ཐང་བུ་མོའི་བཞིན་རས་ལྟ་ན་སྡུག །
འབྲེལ་ཡོད་གསར་འགྱུར།