དབུ་ཤོག>བོད་ཀྱི་རིག་གནས།>དམངས་གཞས་འོས་སྦྱོར།
  • པད་སྒྲོན་སྐྱོ་གླུ།(ལྷ་རྩེའི་དམངས་གཞས)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-20

    ལྷ་ཞོལ་བྱེ་མའི་དཀྱིལ་ལ། །

    བུ་མོ་སྣ་མིན་སྣ་ཚོགས། །

    མདོག་གཞུང་ལ་མོ་རྒྱག་མཁན། །

    པད་སྒྲོན་གཅིག་པོ་རེད་འདུག །


    ཆུ་ལ་ལྷགས་པ་བརྒྱབ་ནས། །

    རིལ་མ་མཐའ་ལ་བཏོན་སོང་། །

    ཡབ་ཡུམ་བཀའ་མོལ་གནང་ནས། །

    བུ་མོ་མི་ལ་སྟེར་སོང་། །


    འདི་ནས་གྲུ་སའི་བར་ལ། །

    ཆང་དང་ཇ་ཡི་སྐྱེལ་མ། །

    མདོག་གཞུང་ལ་མོ་རྒྱག་དུས། །

    བདག་དང་ཨ་ཇོ་བཞི་ཆུང་། །


    གནམ་ལ་འཁོར་བའི་སྤྲིན་པ། །

    ཚེ་རིང་རྒྱལ་མོ(མོ་དྲེལ)འདྲ་ལ། །

    ཚེ་རིང་རྒྱལ་མོ་ཨོ་ཤེ །

    པད་སྒྲོན་བསུ་རོགས་གནང་དང་། །


    མདོག་གཞུང་ལ་མོའི་ལ་རྫས། །

    པ་སངས་མཆོག་ལའི་འདྲ་ཤས། །

    རྟ་རྒྱུད་ཐོག་ཁུང་འདྲ་ལ། །

    མཐོང་རྒྱུ་གནམ་ལས་མི་འདུག །


    གཞན་དག་དྲན་རྒྱུ་མི་འདུག །

    ལྷ་ཞོལ་འདུ་ཁང་དྲན་བྱུང་། །

    ལྷ་ཞོལ་འདུ་ཁང་སྟེང་གི །

    རང་བྱོན་གསེར་སྐུ་དྲན་བྱུང་། །


    ནོར་ཁང་སྤ་རའི་སྦུག་ན། །

    པད་སྒྲོན་སྐྱོ་གླུ་ལེན་གྱིས། །

    སྐྱོ་བའི་སྐྱོ་གླུ་མ་རེད། །

    དྲན་པའི་དྲན་གླུ་རེད་འདུག །


    ནོར་ཁང་སྤ་རའི་ནང་ནས། །

    འཇོལ་མོས་གཅོང་སྐད་སྐྱོན་བྱུང་། །

    འཇོལ་མོ་གཅོང་པ་མ་རེད། །

    པད་སྒྲོན་གཅོང་པ་ཡིན་འདྲ། །


    མི་ཚོའི་ཚོང་པ་ཡིན་ཟེར། །

    ཟླ་གཅིག་ཟླ་གཉིས་འཁོར་གྱི། །

    ནོར་ཁང་སྲས་ཆུང་སྐུ་ཞབས། །

    ལོ་ལ་སྒོ་ལྕགས་བསྐྱོན་སོང་། །


    ཡར་ལ་བལྟས་ན་བྲག་རེད། །

    མར་ལ་བལྟས་ན་ཆུ་རེད། །

    བུ་མོ་ཅེ་ཅེའི་པད་སྒྲོན། །

    སུ་ལ་བལྟས་ནས་སྡོད་པ། །


    མདོག་ལོ་ལ་མོས་གཙོ་བྱས། །

    རི་ལ་རི་རྒྱུད་དྲན་བྱུང་། །

    ཡབ་ཡུམ་གཉིས་ཀྱིས་གཙོ་བྱས། །

    གཉེན་ལ་གཉེན་རྒྱུད་དྲན་བྱུང་། །


    དྲན་བྱུང་མ་ལ་དྲན་བྱུང་། །

    ལྷ་ཞོལ་འདུ་ཁང་དྲན་བྱུང་། །

    འདུ་ཁང་སྤ་རའི་ནང་གི།

    ཅེ་ཅེའི་དབྱངས་ཅན་དྲན་བྱུང་། །


    དྲན་བྱུང་ལ་དང་དྲན་བྱུང་། །

    ཚེ་རིང་རྒྱལ་མོ་དྲན་བྱུང་། །

    ཨ་ཇོ་བཞི་ཆུང་ཨོ་ཤེ །

    པད་སྒྲོན་བསུ་རོགས་གནང་དང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།