དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • དཔའ་དང་རྩལ་ལག་ངོམས། བློ་དང་རིག་པ་འགྲན།

    བོད་ཀྱི་ས་གནས་ཁག་ཏུ་སྲོལ་རྒྱུན་རོལ་རྩེད་རྩལ་འགྲན་གྱི་ཡིད་དབང་འཕྲོག་ཤུགས་རྩད་འཚོལ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-19

    ཀོང་པོའི་བི་ཤུ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་ཀོང་པོའི་བི་ཤུ་འགྲན་བཞིན་པ།

    འཁྲབ་སྟོན་པས་མདའ་བྲོ་འཁྲབ་བཞིན་པ།

    འཁྲབ་སྟོན་པས་མདའ་བྲོ་འཁྲབ་བཞིན་པ།

    ཁམ་བུའི་མེ་ཏོག་འོག་ཏུ་འཛོམས་པའི་མདའ་པ་ཡིན་པ།

    ཀོང་པོའི་བི་ཤུ།

    མདའ་མོ་ལྟོང་ཁར་སྤྲས། ཤུ་སྒྲ་ས་མཐོར་ཁྱབ།

    ཀོང་པོའི་བི་ཤུ་ནི་ཉིང་ཁྲི་ཁུལ་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་སྲོལ་རྒྱུན་རྩལ་འགྲན་གྱི་ལུས་རྩལ་རྣམ་གྲངས་ཤིག་རེད།

    2024ལོའི་ཟླ་9ཚེས་29ཉིན། “མི་སྟོང་གིས་བི་ཤུ་སྡེབ་གཅིག་ལ་འཕེན་པའི”ཅི་ཉི་སི་འཛམ་གླིང་ཟིན་ཐོའི་དཔྱད་འདེམས་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སྤེལ་ཞིང་། བདམས་ཐོན་པ་300ཡིས་འགྲན་ར་གཅིག་ཏུ་མདའ་རྩལ་འགྲན་ཏེ“གཞི་ཁྱོན་ཆེ་ཤོས་ཀྱི་ཀོང་པོའི་བི་ཤུའི་ལེགས་སྐྱེས་འགྲན་བསྡུར”གྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བཏོད་ཡོད། དེས་ན་ལོ་ངོ་སྟོང་ཕྲག་ལྷག་ཙམ་རྒྱུན་འཛིན་བྱས་པའི་བོད་ཀྱི་ལུས་རྩལ་རྣམ་གྲངས་དེ་ལས་འོད་མདངས་གསར་པ་ཞིག་འཚེར།

    ཡང་སྙིང་ཀོང་པོའི་བི་ཤུར་ཡིད་དབང་འཕྲོག་ཤུགས་གང་འདྲ་ཞིག་ཡོད་དམ་ཞེ་ན། དེ་ནི་བི་ཤུའི་དམིགས་བསལ་གྱི་བཟོ་ལྟ་དང་། རིག་གནས་ཀྱི་ནང་དོན། མང་ཚོགས་ཀྱི་རྨང་གཞི་ཟབ་པ་བཅས་ལས་གླེང་དགོས།

    བི་ཤུ་འཕེན་སྐབས་སྒྲ་གསང་པོ་ཞིག་སྒྲོག་པ་ནི་དེའི་དམིགས་བསལ་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། སྒྲ་དེ་འདྲ་ཐོན་པའི་འགག་རྩ་ནི་བི་ཤུར་གཞན་དང་མི་འདྲ་བའི་མདའ་རྩེ་ཞིག་ཡོད་པས་རེད། ཀོང་པོའི་བི་ཤུའི་རྩེ་མོ་ནི་ཤིང་རིལ་སྦུབས་ཅན་མིག་ཁུང་བཞི་ལྡན་ཞིག་ཡིན་ཞིང་། མདའ་འཕེན་དུས་རླུང་དང་འཕྲད་ན་མིག་ཁུང་ནས་ཤུ་སྒྲ་གསང་པོ་ཞིག་གྲགས་ཀྱི་ཡོད། སྒྲ་གསང་པོ་སྒྲོག་པ་དེ་ནི་ཀོང་པོའི་བི་ཤུའི་ཁྱད་ཆོས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད་ལ། མི་རྣམས་ལ་སྤྲོ་སྣང་འཕེལ་ཞིང་དགའ་བ་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་དེའང་རེད།

    བི་ཤུའི་བཟོ་རྩལ་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་པ་ནོར་གྱིས། “བི་ཤུ་བཟོ་སྐབས་ལག་རྩལ་ལ་དང་དོད་ཆེན་པོ་བྱེད་ལ། རྒྱུ་ཆར་ཉིང་ཁྲིའི་གཡའ་ཤིང་དང་། བེ་ཤིང་། རྒྱ་ལྕང་བཅས་བྱུང་ན་ཡག་ཤོས་རེད། ཤིང་སྣ་གསུམ་པོའི་ཁྲ་ཐིག་ཡག་པའི་སྒང་ལ་སྲ་ཞིང་ལྟ་སྣང་དོད་པ་དང་ཁུངས་མཐུག་པོ་ཡོད”ཅེས་བཤད།

    ཀོང་པོའི་བི་ཤུའི་མདའ་རྩེ་ཙམ་མིན་པར་འབེན་ལ་ཡང་ཁྱད་ཆོས་དམིགས་བསལ་ཡོད།

    ཤོད་རྒྱུན་ལ་ཀོང་པོའི་བི་ཤུར་ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ཀོང་པོ་ཁུལ(གཙོ་བོ་ནི་དེང་གི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། ཀོང་པོ་རྒྱ་མདའ་རྫོང་། སྨན་གླིང་གྲོང་ཁྱེར་བཅས་ཀྱི་རྒྱུད་དུ་ཡིན)གྱི་སྔོན་བྱོན་མེས་པོ་ཚོས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས་གསར་གཏོད་བྱས་པ་ཞིག་རེད། གནའ་སྔ་མོ་བི་ཤུ་ནི་གཙོ་བོ་ཕྱི་རོལ་དུ་གཡུལ་འགྱེད་སྐབས་བརྡ་གཏོང་བྱེད་ཅིག་རེད། ལོ་ངོ་སྟོང་ཕྲག་ལྷག་ཙམ་རིང་རྒྱུན་འཛིན་དང་འཕོ་འགྱུར་བྱུང་རྗེས་རིམ་བཞིན་རྩལ་འགྲན་དང་། རོལ་རྩེད། འཁྲབ་སྟོན། བོད་མི་རིགས་ཀྱི་རིག་གནས་ངོམས་སྟོན་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར།

    བི་ཤུ་འཕེན་པའི་གོམས་སྲོལ་དང་བསྟུན་ནས་ཀོང་པོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཀོང་པོའི་མདའ་བྲོ་བྱུང་ཡོད། ཀོང་པོའི་མདའ་བྲོར་ད་བར་ལོ་ངོ་1300ཡི་ལོ་རྒྱུས་ལྡན་ཞིང་། གོམ་སྟབས་བརྟན་ལ་གཤོགས་ཆེ་ཞིང་གནའ་ཉམས་ཀྱིས་ཕྱུག་པ་ཞིག་ཡོད། དུས་ཀྱི་འགྱུར་བ་དང་བསྟུན་ནས་བི་ཤུ་དང་མདའ་བྲོ་གཉིས་དབར་གཅིག་ལ་གཅིག་བརྟེན་དང་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཞིག་གྲུབ་པས། ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ལྟ་བུར་གྱུར།

    བི་ཤུ་འགྲན་བསྡུར་བྱེད་སྐབས། ཞིང་འབྲོག་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཟས་རིགས་དང་ཆང་ཕུད་གྲ་སྒྲིག་ཨང་བསར་བྱས་ཏེ་ཞབས་བྲོའི་རུ་ཁག་བཙུགས་ནས་ཀོང་པོའི་མདའ་བྲོ་འཁྲབ་བཞིན་མདའ་པ་དང་ལྟད་མོ་བ་རྣམས་ལ་རྟེན་འབྲེལ་ཞུ་གི་ཡོད། མདའ་མོ་འབེན་མིག་དམར་པོར་ཕོག་ཚེ། མདའ་པ་ཕན་ཚུན་དབར་ཐལ་མོ་རྡེབ་ནས་དགའ་འབོད་བྱེད་པ་དང་མཉམ་དུ“ཚ་ཤོག”ཅེས་འབོད་དེ་སྐུལ་ལྕག་གཏོང་གི་ཡོད། དེར་ཡོད་མི་རྣམས་ཀྱིས་ཀྱང་མདའ་པར་ཁ་བཏགས་གཡོགས་པ་དང་ཆང་ཕུད་བཀྱག་ནས་མཉམ་དུ་མདའ་གླུ་ལེན་ཞོར་མདའ་བྲོ་ཡང་འཁྲབ་སྲོལ་ཡོད།

    ད་ཆ་ཀོང་པོའི་བི་ཤུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་བདམས་པ་དང་ཉིང་ཁྲིའི་རྫོང(གྲོང་ཁྱེར་དང་ཆུས)ཁག་ཏུ་དར་ཁྱབ་ཆེན་པོ་བྱུང་སྟེ་མི་ཉམས་གོང་འཕེལ་བྱུང་ཡོད། བི་ཤུའི་རིག་གནས་རྒྱུན་འཛིན་གྱི་ལྟེ་བའི་ཁུལ་ཡིན་པའི་བྲག་ཡིབ་ཆུས་སོགས་སུ་ཧ་ལམ་གྲོང་ཚོ་ཚང་མར་བི་ཤུའི་རྩལ་འགྲན་ར་བ་ཡོད་ཅིང་། སྐྱེས་ཕོ་མོ་རྒན་གཞོན་ཚང་མས་བི་ཤུ་འཕེན་ཤེས་ཀྱི་ཡོད་ལ། ཚང་མ་བི་ཤུ་འཕེན་པར་དགའ་པོ་ཡང་ཡོད། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། ཀོང་པོའི་ལོ་གསར། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སོགས་དུས་ཆེན་གལ་ཆེན་འཆར་རིམ་བཞིན་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ཁག་གིས་བི་ཤུའི་འགྲན་བསྡུར་རམ་ཡང་ན་བི་ཤུའི་ཉམས་ལེན་བྱེད་སྒོ་སྣ་ཚོགས་སྤེལ་བར་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    2024ལོ་བར། ཉིང་ཁྲི་གྲོང་ཁྱེར་གྱིས་བི་ཤུའི་འགྲན་བསྡུར་སྐབས་དགུ་བསྟུད་མར་བྱས་པ་དང་། དེ་ཉིད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་བྱེད་སྒོ་རབ་དང་རིམ་པའི་འགྲན་བསྡུར་རྣམ་གྲངས་ཀྱི་གྲས་སུ་ཚུད་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་ཞུགས་པས། ཀོང་པོའི་བི་ཤུའི་སྐད་གྲགས་ཆོད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་ཡོད།

    མདའ་མོ་ལྟོང་ཁར་སྤྲས། ཤུ་སྒྲ་ས་མཐོར་ཁྱབ། ཉིང་ཁྲིའི་ཀོང་པོའི་བི་ཤུ་ནི་རྩལ་འགྲན་ཞིག་རེད་ལ། གོམས་སྲོལ་དང་རིག་གནས་ཤིག་དེ་བས་ཀྱང་རེད། དེ་ཉིད་སྔ་ས་ནས་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་དུ་མཉམ་འདྲེས་བྱུང་ནས་ཞིང་འབྲོག་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བར་སྤྲོ་སྣང་དང་སྤོབས་སེམས་རབ་ཏུ་སྦྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།