དེ་རིང《བོད་ལྗོངས་ཞིབ་འཇུག》སྤུས་ཚད་མཐོ་པོའི་གོང་འཕེལ་གཏོང་ཐབས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།
ཟླ་7ཚེས་18ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས)གིས་གཙོ་གཉེར་བྱས་པ་དང་། 《བོད་ལྗོངས་ཞིབ་འཇུག》རྩོམ་སྒྲིག་ཁང་གིས་གཉེར་འགན་ཁུར་བའི《བོད་ལྗོངས་ཞིབ་འཇུག》སྤུས་ཚད་མཐོ་པོའི་གོང་འཕེལ་གཏོང་ཐབས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གདེང་འཇོག་ཞིབ་འཇུག་ཁང་དང་། པེ་ཅིང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་རྒྱལ་ཡོངས་ཀྱི་ཚན་ཞིབ་ལས་ཁུངས་དང་མཐོ་སློབ་17གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་70ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་དང་། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་བོད་འབྲེལ་དུས་དེབ་ལ་ཐོབ་པའི་གྲུབ་འབྲས་དང་སྤུས་ཚད་མཐོ་པོའི་གོང་འཕེལ་གཏོང་ཐབས”ཞེས་པ་དེ་རེད།
《བོད་ལྗོངས་ཞིབ་འཇུག》ནི་རང་རྒྱལ་གྱི་བོད་འབྲེལ་ཞིབ་འཇུག་གི་ཆེད་ལས་རིག་གཞུང་དུས་དེབ་ཐོག་མ་དེ་ཡིན་ཞིང་། 1981ལོ་དང་1982ལོར་རྒྱ་བོད་ཡིག་རིགས་གཉིས་ཀྱི་དུས་དེབ་ཐོག་མར་སོ་སོར་བཏོན་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་དུས་དེབ་གཉེར་བའི་རྩ་དོན“བོད་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”མཐའ་འཁྱོངས་ཀྱིས་བོད་ལྗོངས་དང་དེ་བཞིན་བོད་འབྲེལ་གྱི་ཀྲོའུ་དང་རྫོང་གི་ལོ་རྒྱུས་དང་། ཆོས་ལུགས། རིག་གནས། མི་རིགས། སྤྱི་ཚོགས། དཔལ་འབྱོར། སྐྱེ་ཁམས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་དང་གསར་གཏོད་ལ་སྣེ་ཁྲིད་བྱས་ནས་ཆུ་ཚད་མཐོ་བའི་བོད་འབྲེལ་གྱི་ཞིབ་འཇུག་གྲུབ་འབྲས་གང་ལེགས་མངོན་པར་བྱེད་པ་དང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། བོད་ལྗོངས་དང་བོད་འབྲེལ་གྱི་ཀྲོའུ་དང་རྫོང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་བྱས་ཡོད།
བགྲོ་གླེང་ཚོགས་འདུའི་ཐོག《བོད་ལྗོངས་ཞིབ་འཇུག》ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དེ་བཞིན་སྤུས་ཚད་མཐོ་པོའི་གོང་འཕེལ་གཏོང་ཐབས་ལ་དམིགས་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཁས་དབང་ཚོའི་བློ་གྲོས་གཅིག་ཏུ་བསྡུས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཞབས་འདེགས་ཞུ་བར་དེ་བས་སྲ་ཞིང་བརྟན་པའི་རིག་གཞུང་གི་འདེགས་སྐྱོར་བྱས་ཡོད།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ལི་ཞའོ་ཉིང་གིས། འགོ་འཛུགས་ས་གསར་པའི་ཐོག ལོ་40ལྷག་ཙམ་རིང་གི་རིག་གཞུང་སྐོར་གྱི་ཉམས་མྱོང་བསགས་ཡོད་པའི《བོད་ལྗོངས་ཞིབ་འཇུག》གིས་མ་འོངས་པར་དེ་བས་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ཟུར་ཚད་ཐོག་ནས་བོད་ཀྱི་ཤེས་དཔལ་གྱི་རྒྱུན་མཐུད་རང་བཞིན་མངོན་པར་བྱེད་པ་དང་། དེ་བས་ཚོར་སྣང་སྐྱེན་པའི་དོན་དངོས་ཀྱི་རྟོག་ཞིབ་ནུས་པས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་བ། དེ་བས་ཡངས་པའི་རྒྱལ་སྤྱིའི་མཐོང་སྣེ་ལས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱེད་ཀྱི་ཡིན་ཞེས་གསུངས།
ཚོགས་ཞུགས་རིགས་གཅིག་མཁས་ཅན་ཚོས། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་བོད་འབྲེལ་དུས་དེབ་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཕྱོགས་སྡོམ་བྱེད་པར་ཕན་ཐོགས་ཡོད་ལ།རིག་གཞུང་གྲུབ་འབྲས་གཞན་སྒྱུར་དང་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྤུས་ཚད་མཐོ་པོའི་གོང་འཕེལ་གཏོང་ཐབས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཀྱང་རེད་ཅེས་མགྲིན་གཅིག་ཏུ་གསུངས།
འབྲེལ་ཡོད་གསར་འགྱུར།