རྒྱ་བོད་ཡིག་སྒྱུར་ཁྲོད་སྣང་ཆེན་བྱེད་དགོས་པའི་གནད་དོན་གསུམ།
ལོ་རྒྱུས་ཀྱི་འཁོར་ལམ་མདུན་དུ་འཁོར་བ་དང་བསྟུན་ནས་འགྲོ་བ་མིའི་རིགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་འཕེལ་རྒྱས་འགྲོ་བཞིན་ཡོད། རང་མི་རིགས་ཀྱི་མཚར་སྡུག་འོད་སྟོང་འབར་བའི་གཙུག་ལག་རིག་གནས་ཕྱི་རུ་བརྒྱུད་བསྒྲགས་དང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་ནང་འདྲེན། མི་རིགས་ཕན་ཚུན་བསམ་བློ་དང་རིག་གནས་སྤེལ་རེས་བྱེད་པར་མེད་དུ་མི་རུང་བ་ནི་ཡིག་སྒྱུར་རམ་ལོ་ཙཱའི་བྱ་བ་འདི་ཡིན། སྤྱིར་ལོ་ཙཱ་ཞེས་པ་ལེགས་སྦྱར་གྱི་སྐད་ཡིན་ཏེ། བོད་སྐད་ལྟར་ན་སྐད་དང་ཡི་གེ་ཕན་ཚུན་བསྒྱུར་བའི་དོན་ཡིན་ལ། ལོ་ཙཱ་བ་ཞེས་པ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བྱང་དགོས་པའི་རྨང་གཞིའི་སྟེང་། ཡིག་རིགས་གཞན་ལ་ནང་བྱན་ཆུད་དགོས་པ་དང་། འགྱུར་ཡིག་གང་དེ་ཡིག་རིགས་གཞན་ལས་རང་སྐད་དུ་བསྒྱུར་བའི་རྣམ་པ་མངོན་གསལ་མེད་པར་མི་རིགས་རང་གི་རིན་ཐང་ལྟ་བ་དང་། མཛེས་དཔྱོད་ལྟ་བ་དང་མཐུན་པར་བྱས་ཏེ། ཚིག་སྙན་ཞིང་གོ་བདེ་ལ། བརྗོད་དོན་འཁྲུལ་བ་མེད་པ་ཞིག་ཡོད་དགོས། འདིར་གུས་མོས་ལོ་ཙཱའི་བརྒྱུད་རིམ་ཁྲོད། ནམ་རྒྱུན་ཐུགས་སྣང་དེ་ཙམ་མེད་ཅིང་། ནོར་འཁྲུལ་འབྱུང་སླ་བའི་གནད་འགའ་དམིགས་སུ་བཀར་ཏེ། ལོ་ཙཱའི་ལག་ལེན་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་གནད་དེ་དག་སེལ་ཐབས་ཀྱི་ལྟ་ཚུལ་རགས་ཙམ་གླེང་བར་བྱའོ།
དང་པོ། མ་ཡིག་ལ་གོ་བ་ཡང་དག་ལེན་དགོས་པ།
མ་ཡིག་ལ་གོ་བ་ཡང་དག་ལེན་པ་ནི་ཡིག་སྒྱུར་གྱི་གོམ་སྟབས་དང་པོ་དེ་ཡིན། མ་ཡིག་ལ་གོ་འཛོལ་མེད་པར་ཡང་དག་པར་ངོས་འཛིན་ཐུབ་ན་ཡིག་སྒྱུར་གྱི་གནད་གལ་ཆེན་པོ་ཞིག་ཐག་གཅོད་ཐུབ་པ་རེད། རྣམ་ཀུན་གྱི་ལོ་ཙཱའི་གོ་རིམ་ཁྲོད། ལོ་ཙཱའི་ལས་དང་པོ་བའམ་ཉམས་མྱོང་གིས་དབེན་པའི་ལོ་ཙཱ་བ་ཁག་གཅིག་གིས་མ་ཡིག་ཁྱོན་ཡོངས་ལ་ཞིབ་ལྟ་ཐེངས་གཅིག་ཀྱང་མ་བྱས་པར། ཐད་ཀར་བསྒྱུར་གྱི་ཡོད་སྟབས། མ་ཡིག་ལ་གོ་བ་ལེན་ནོར་ཤོར་བ་དང་། གཅོད་མཚམས་ཉམས་པ། འགྱུར་ཡིག་གནད་དུ་མི་འཁེལ་བ་སོགས་ཀྱི་སྐྱོན་འབྱུང་ལ། ཀློག་པ་པོས་ཀྱང་བརྗོད་བྱའི་སྙིང་པོ་གསལ་པོ་མི་རྟོགས་པ་དང་། བརྗོད་བྱེད་ཚིག་ལ་ཉམས་ཀྱིས་དབེན་པས་ཀློག་འདོད་ཀྱི་སྤྲོ་སྣང་ཉམས་འགྲོ་གི་ཡོད། མ་ཡིག་ལ་གོ་བ་ཇི་ལྟར་ལེན་དགོས་ཞེ་ན། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་ནས“གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལེགས་པར་དཔྱད”ཅེས་གསུངས་པ་བཞིན། མ་ཡིག་ལ་གོ་བ་ལེན་པའི་ཁྲོད། གཤམ་གྱི་ལས་རིམ་འདི་དག་བརྒྱུད་དགོས་པར་སྙམ་སྟེ། གཅིག་ནི་མ་ཡིག་གང་དེར་ཉུང་མཐར་ཡང་ཐེངས་མ་གཉིས་གསུམ་ཞིབ་ཏུ་ཀློག་དགོས། གཉིས་ནི་ཞིབ་ཀློག་གི་བརྒྱུད་རིམ་ཁྲོད། ཚིག་གཅིག་གིས་འགོ་མཇུག་དང་དོན་སྤྱི་གང་ཞིག་སྟོན་བཞིན་པ་ཡིད་ལ་ངེས་དགོས། གསུམ་ནི་ཚིག་དོན་གོ་དཀའ་བ་རྣམས་ཟིན་བྲིས་སུ་འགོད་པའམ་རྟགས་བརྒྱབ་ནས། རང་གིས་ཐག་གཅོད་མི་ཐུབ་པའི་དཀའ་གནད་དག་གཞན་ལ་འདྲི་བ་དང་དཔྱད་ཡིག་བཙལ་འཚོལ་བྱས་ནས་ཐག་གཅོད་ལེགས་པར་བྱེད་དགོས། བཞི་ནི་གོང་གི་རྨང་གཞིའི་སྔོན་འགྲོ་དག་བསྒྲུབས་ཚར་རྗེས། གཞི་ནས་ཡིག་སྒྱུར་གྱི་ལས་ལ་འཇུག་དགོས། ལྔ་ནི་བསྒྱུར་ཡིག་གི་མ་ཟིན་ཐོན་རྗེས། ལས་ཀ་ཡོངས་སུ་འགྲུབ་པ་མ་ཡིན་པར། ཉུང་མཐར་ཡང་ཐེངས་གཉིས་ཞུ་དག་བྱ་དགོས། ཞུ་དག་གི་བརྒྱུད་རིམ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་ཀྱི་རིམ་པ་ཞིག་ཡིན་གཤིས། “བརྩམས་ཆོས་བྲིས་ནས་མ་ཐོན་བཅོས་ནས་ཐོན”ཞེས་པའི་དཔེ་ལྟར་བརྗོད་བྱེད་ཚིག་གནད་ལ་འཁེལ་མིན་དང་། བརྗོད་བྱའི་དོན་བསྒྱུར་ཉེས་བྱུང་མིན། གཅོད་མཚམས་ཉམས་ཡོད་མེད། ཉམས་འདོན་སྟངས་ལེགས་མིན་སོགས་ལ་ཞུ་དག་གཏོང་དགོས། ནམ་རྒྱུན་ལས་ཀའི་ཁྲོད་ལོ་ཙཱ་བ་ཁ་ཤས་ཀྱིས་རང་གིས་མ་ཡིག་ཐེངས་གཅིག་བསྒྱུར་ཚར་རྗེས་བཟོ་བཅོས་དང་ཞུ་དག་གི་ལས་འགན་དེ་ལོ་ཙཱ་བ་རྒན་གྲས་དང་གོང་རིམ་འགོ་ཁྲིད་ལ་རྩིས་སྤྲོད་ཀྱི་ཡོད། འདི་ནི་རང་གི་ལས་གང་ཞིག་བསྒྲུབས་པ་དེར་འགན་མ་འཁུར་བའི་རྟགས་ཤིག་སྟེ། རང་འཁྲིའི་ལས་ཀར་སྒྱིད་ལུག་གཡོ་ཟོལ་བྱས་པ་ཞིག་ལས་མ་འདས། དོན་དངོས་སུ་སོ་སོ་རང་ཉིད་ཀྱང་བློ་ཡིད་མ་ཚིམ་པའི་བསྒྱུར་རྩོམ་ཞིག་ལ་མི་གཞན་ནི་དེ་བས་ཀྱང་བློ་མགུ་ཁག་པས། ཞུ་དག་གི་ལས་ལ་བྱང་པར་བྱས་ནས་དེ་གོམས་གཤིས་སུ་འཇག་པར་བྱེད་དགོས། དྲུག་ནི་རང་གིས་ཞུ་དག་བཏང་ཟིན་པའི་འགྱུར་ཡིག་དེ་ཞུས་ཆེན་ལོ་ཙཱ་བ་ལ་ཕུལ་ཏེ། མཐའ་མའི་བཟོ་བཅོས་ཡོང་རེ་བྱེད་དགོས། ཞུས་ཆེན་ལོ་ཙཱ་བ་དང་འགན་འཁུར་བའི་ཆོག་མཆན་ཐོབ་རྗེས་ལོ་ཙཱའི་བརྒྱུད་རིམ་ཧྲིལ་པོ་ལེགས་པར་འགྲུབ་པའོ། གལ་ཏེ་མ་ཡིག་ལ་གོ་བ་ལེགས་པར་ལེན་མ་ཐུབ་པར་ཡིག་སྒྱུར་གྱི་ལས་སུ་འཇུག་པ་ཡིན་ན། “དཀོར་གཉེར་ཕྱིས་དག་མཁས་ན་གསེར་སྐུ་རག་ལ་བཏང་བའི”དཔེ་བཞིན། ཀློག་པ་པོ་མ་རྟོགས་དང་ལོག་རྟོགས་ཀྱི་ལམ་དུ་འཁྲིད་ཉེན་ཡོད་པས་རྟག་ཏུ་གཟབ་པར་འཚལ་ལོ།
གཉིས་པ། ཚིག་གི་ཉམས་འདོན་ཚུལ།
ཡིག་སྒྱུར་གྱི་ལས་ཀ་དེ་ཡང་རྩོམ་རིག་གི་ཁྱབ་ཁོངས་སུ་འདུ་བས། རྣམ་ཀུན་གཞུང་ཡིག་ཡིན་ནའང་འདྲ། ཚོགས་འདུའི་ཤིས་ཚིག་དང་། དབུ་ཁྲིད་ཀྱི་གསུང་ཚིག་སོགས་སུ་ཚིག་རྒྱན་གྱི་ཆ་མང་པོ་ཞིག་ཐོན་གྱི་ཡོད། དེ་ཡང་ཡིག་སྒྱུར་ཁྲོད་ཐད་སྒྱུར་བྱེད་དགོས་སར་ཐད་སྒྱུར་དང་། དོན་སྒྱུར་བྱེད་དགོས་སར་དོན་སྒྱུར། ཚིག་རྒྱན་གྱིས་སྤྲོས་དགོས་སར་ཉམས་འདོན་དགོས་པས། གལ་ཏེ་ཚིག་རྒྱན་གྱི་སྦྱོར་བའི་རྩལ་ཕྲན་བུ་ཙམ་ཡང་མེད་ཚེ། ནང་དོན་སྙན་ཆ་དོད་པོ་དང་ཉམས་དོད་པོ་ཡོང་མི་སྲིད་སྟབས། ལོ་ཙཱ་བ་རྣམས་ལ་ཚིག་རྒྱན་སྦྱོར་སྡེབ་ཀྱི་རྩལ་ངེས་པར་དུ་ཚང་དགོས་སོ། བོད་སྐད་ཀྱི་ཚིག་གི་ཉམས་འདོན་ཚུལ་ཐད་རྣམ་པ་གཉིས་སུ་འདུ་ཆོག་སྟེ། གཅིག་ནི་སྲོལ་རྒྱུན་གྱི་སྙན་ངག་གི་ཉམས་སྦྱོར་ཚུལ་ཏེ། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པའི《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》ལས“ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །བུད་མེད་མཛེས་མ་སྒྲེན་མོར་རྒྱུ་བ་བཞིན། །མངོན་བརྗོད་གསར་རྙིང་བརྡ་ཡིས་མ་སྤུད་ན། །གྲོང་ཚིག་འདྲེས་པས་མཁས་པས་དོར་བྱར་འོས། །”ཞེས་པ་དང་། ཟུར་མཁར་བློ་གྲོས་རྒྱལ་པོས “རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པ་ནི་སྐྱེས་བོས་གླེང་། །དེ་བཞིན་སྙན་ངག་མི་ལྡན་ན། །བསྟན་བཅོས་མཁས་ལ་བརྩིས་སུ་མེད། །”ཅེས་གསུངས་པ་ལས། སྙན་ངག་གི་རྒྱན་ནི་ཚིག་སྦྱོར་གྱི་ཉམས་འདོན་པའི་ཐབས་གཙོ་བོ་ཞིག་ཡིན་དགོས་པར་བསྟན་ཡོད། གཉིས་ནི་བརྡ་རྙིང་མངོན་བརྗོད་སོགས་ཀྱིས་མ་བཅིངས་པར་ཕལ་སྐད་ཀྱི་དབང་དུ་སོང་བའི་ཉམས་འདོན་ཚུལ་ལ། དཔེར་ན། རྗེ་མི་ལའི་མགུར་འབུམ་དང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ། བོད་ཀྱི་དམངས་གཞས་ལྟ་བུར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། བརྗོད་བྱེད་ཚིག་དེ་མང་ཚོགས་ཀྱིས་ཧ་ཅང་གོ་བདེ་བའི་ཕལ་སྐད་སོགས་ཀྱི་ལམ་ནས་བརྩམས་ཡོད་ཀྱང་། དེར་ལྟ་འདོད་པ་དང་ཉན་སྤྲོ་བའི་ཁྱད་ཆོས་ཤིག་ལྡན། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལས“རང་ལ་དགའ་བའི་བྱམས་པ། ། གཞན་གྱིས་འདུན་མར་བླངས་སོང་། །ཁོག་ནད་སེམས་པའི་གཅོང་གིས། །ལུས་པོའི་ཤ་ཡང་སྐམ་སོང་། །”ཞེས་པ་ལྟ་བུ། “སྲོད་ལ་བྱམས་པ་བཙལ་བས། །ཐོ་རངས་ཁ་བ་བབས་བྱུང་། །གསང་དང་མ་གསང་མི་འདུག །ཞབས་རྗེས་གངས་ལ་བཞག་སོང་། །”ལྟ་བུ། ནང་དོན་གཏིང་ཟབ་པའི་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་ཕ་རོལ་པོ་ཡིད་འགུགས་པར་བྱེད་པའི་བརྩམས་ཆོས་ཀྱང་ཤིན་ཏུ་མང་། དེ་བས་ང་ཚོའི་ལོ་ཙཱ་བ་རྣམས་ཀྱིས་ཡིག་སྒྱུར་གོ་རིམ་ཁྲོད་ཚིག་གི་ཉམས་འདོན་དགོས་སར་ཚིག་རྒྱན་གྱི་སྦྱོར་བ་སྤྱོད་དགོས། འོན་ཏེ་ཚིག་གི་ཚགས་དམ་ཞིང་དོན་གྱི་ནད་ཕྲ་བའི་གསར་འགྱུར་ཡིག་སྒྱུར་ཁྲོད། ཚིག་ཉུང་གོ་བདེ་བྱ་རྒྱུ་ཚིག་དོན་མཛེས་པར་རྒྱན་པ་ལས་གལ་ཆེའོ།
གསུམ་པ། ས་མིང་རི་མིང་གི་སྒྱུར་སྟངས།
ས་མིང་དང་རི་མིང་གི་ཡིག་སྒྱུར་ནི། ཡིག་སྒྱུར་བྱེད་རིང་ཐོག་མཐའ་བར་གསུམ་དུ་འཕྲད་པའི་སྣང་ཚུལ་ཞིག་ཡིན་པས། ལོ་ཙཱ་བ་རྣམས་ཀྱིས་འདི་གནད་དོན་ཆུང་ཆུང་ཞིག་ལ་བརྩིས་ནས་མཐོང་ཆུང་བྱ་མི་རུང་སྟེ། བོད་ལ་མཚོན་ན། དུས་ཡུན་རིང་བོའི་འཚོ་བའི་ཁྲོད་མེས་པོ་ཚོས་རང་ཉིད་འཚོ་སྡོད་ཀྱི་ཉེ་འཁོར་གྱི་རི་ཆུ་ནགས་གསུམ་ལ་འདོད་རྒྱལ་དང་རྗེས་གྲུབ་གང་རུང་གིས་མིང་སྙན་མོ་སྣ་ཚོགས་བཏགས་ཡོད། ང་ཚོས་མིང་གི་ཐ་སྙད་དེ་དག་རྒྱུན་འཛིན་དང་སྲུང་སྐྱོབ། དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་ཕྲག་སྟེང་གི་ལྡོག་མེད་ཀྱི་འགན་འཁྲི་ཡིན་གཤིས། གཤམ་དུ་ས་ཆུ་རི་མིང་བསྒྱུར་ནོར་འགའ་དཔྱད་པར་བྱ་སྟེ། ས་མིང་བསྒྱུར་ནོར་བྱུང་བ་དཔེར་ན། ཡང་དག་པའི་འབྲི་སྟངས“ཤེལ་ཚྭ”ཞེས་པ་རྒྱ་ཡིག་ཏུ“申扎”ཞེས་པར་བསྒྱུར་འདུག ཕྱིས་ཀྱི་ལོ་ཙཱ་བས་ལོ་རྒྱུས་ཀྱི་བཤད་ཚུལ་ལ་མ་ལྟོས་པར“申扎”ཐད་ཀར“ཤན་རྫ”ཞེས་པར་བསྒྱུར་བས་ན། ཕྱིས་སུ“ཤན་རྫ”ཞེས་པ་མ་དག་རྒྱུན་འབྱམས་སུ་སོང་སྟེ། མཐར་གོ་ཚོར་གང་ཡང་མེད་པའི་མིང་གསར་པ་ཞིག་ཆགས་པ་རེད། དེ་ལྟ་བུའི་བསྒྱུར་ཚུལ་ལ་ད་དུང“མཚོ་གཉིས”ལ“双湖”དང་། ཕྱིས་སུ“མཚེའུ་གཉིས”སུ་བསྒྱུར་བ། “འདམ་ལྗོངས”ལ(བོད་དཔེ་འགའ་ཤས་སུ་འདམ་ཤོད་ཅེས་བྲིས་པའང་འདུག)“当雄”དང་། ཕྱིས་སུ“འདམ་གཞུང”དུ་བསྒྱུར་བ། “སྨན་གླིང”ལ“米林”དང་། ཕྱིས་སུ“སྨིན་གླིང”དུ་བསྒྱུར་བ། “བྲག་ཡིབ”ལ་ “八一”དང་། ཕྱིས་སུ“བརྒྱད་གཅིག”ཏུ་བསྒྱུར་བ། “ཡུལ་ཤུལ”ལ“玉树”དང་། ཕྱིས་སུ“ཡུས་ཧྲུའུ”ཞེས་པ་ལྟ་བུའི་བསྒྱུར་ནོར་ཤིན་ཏུ་མང་པོ་ཐོན་ཡོད། ས་མིང་དེ་དག་ལས་ཁག་གཅིག་རྗེས་སུ་བཟོ་བཅོས་ཐུབ་ཡོད་ཀྱང་། ཁག་གཅིག་སྔར་བཞིན་མ་དག་རྒྱུན་འབྱམས་ཀྱིས་བེད་སྤྱོད་གཏོང་བཞིན་ཡོད། སྣང་ཚུལ་འདི་ལས་རང་རེའི་ལོ་ཙཱ་བ་ཁག་གཅིག་གིས་ས་མིང་སྒྱུར་སྐབས་བོད་སྐད་རང་དུ་ཡོད་པའི་ས་མིང་འབོད་ཚུལ་སྣང་མེད་དུ་བཞག་སྟེ། རྩ་བའི་མ་ཡིག་བོར་ཏེ་འགྱུར་ཡིག་མ་ཡིག་ཏུ་བཀུར་ན། རྩ་བ་བོར་ཏེ་ཡལ་ག་འཛིན་པའི་རྣམ་ཐར་བསྐྱངས་པའོ། རི་བོའི་མིང་བསྒྱུར་ནོར་བྱུང་བ། དཔེར་ན“རི་བོ་གདང་ལ”ལ“唐古拉山”ཞེས་བསྒྱུར་འདུག དེ་ཡང“གདང་ལ་རི་བོ”རུ་བསྒྱུར་ན། བོད་སྐད་དུ“ལ”དང“རི་བོ”གཉིས་ནི་དོན་གཅིག་ཡིན་པས་ཟློས་སྐྱོན་དུ་སོང་བ་དང་། སྲིད་པའི་གངས་རི་ཆེན་པོ“གཉན་ཆེན་གངས་བཟང”ལ་རྒྱ་ཡིག་ཏུ“念青康桑”ཞེས་བསྒྱུར་ཡོད་པ་དང་། ཕྱིས་སུ་ལོ་ཙཱ་བས“གཉན་ཆེན་ཁམས་བཟང”དུ་བསྒྱུར་ཏེ་ད་ལྟ་གངས་རི་དེའི་འདབས་ཀྱི་བྲག་ངོས་སུ་བཀོད་འདུག་པས། ནོར་འཛོལ་ཆེན་པོ་འདི་ལྟ་བུ་ནི་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པར་རང་སྣང་གང་འདོད་ཀྱིས་བྲིས་པའི་མངོན་རྟགས་གསལ་པོ་རེད།
ལོ་ཙཱའི་བྱ་བ་ནི་ལས་སླ་བའི་ལས་རིགས་ཤིག་རྩ་བ་ནས་མ་ཡིན་པར། འདི་ནི་ཤེས་རིག་ཁྱབ་ཁོངས་ཀྱི་རྙོག་འཛིང་ཆེ་བའི་བྱ་བ་ཞིག་ཡིན་ལ། མི་རིགས་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བའི་རླབས་ཆེའི་བྱ་གཞག་ཁྲོད་ཀྱི་དམིགས་བསལ་གྱི་ལས་རིགས་ཤིག་དང་། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ལས་རིགས་ཤིག མེད་དུ་མི་རུང་བའི་ལས་རིགས་ཤིག་ཡིན་ལ། ང་ཚོ་ལོ་ཙཱ་བའི་ཕྲག་སྟེང་དུ་ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་ཡིག་སྒྱུར་གྱི་ལས་འགན་ལྕི་པོ་འཁུར་ཡོད། ལས་འགན་དེ་དག་ལེགས་པར་བསྒྲུབ་དགོས་ཚེ། ལོ་ཙཱ་བ་རྣམས་ལ་དེའི་ཐད་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་དང་བྱང་ཚད་མཐོ་པོ་དགོས་པ་སྨྲ་མི་དགོས་པས། རྒྱ་ཆེའི་ལོ་ཙཱ་བ་རྣམས་ནས་མཚན་དོན་མཚུངས་པའི་ལོ་ཙཱ་བ་ཞིག་བྱེད་ཐུབ་རྒྱུར། དུས་ནམ་ཡང་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་ཏེ། ལོ་ཙཱའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་རང་ཉིད་ནས་ཐབས་དང་ཤེས་རབ་གང་མང་འདོན་རྒྱུ་གལ་ཆེའོ།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི་བསོད་ནམས་ཆོས་སྐྱིད)
འབྲེལ་ཡོད་གསར་འགྱུར།