ང་ཡི་ཕ་དམ་པ།
ཨ་ཕ་ཞེས་པའི་ཐ་སྙད་འདི་རྣ་བའི་བུ་གར་ཐོས་པ་ཙམ་གྱིས་ངེད་ཚོའི་ཡིད་ཀྱི་མེ་ལོང་ངོས་སུ་དོ་ནན་དང་སྒམ་བརླིང་། ཁོག་ཡངས་དང་དཀྱེལ་ཆེའི་ངང་ཚུལ་འཛིན་པའི་སྐྱེ་བོ་ཞིག་གི་སྣང་བརྙན་ངང་གིས་འཆར་སྲིད་པས། ཐ་སྙད་འདི་འགན་འཁྲི་དང་སྟོབས་ཤུགས། དེ་བཞིན་རྒྱབ་རྟེན་དང་བློ་གཏད་བཅས་ཀྱི་ཚབ་མཚོན་དུ་འཇོག་པ་ལའང་རྒྱུ་མཚན་མེད་པ་ག་ལ་ཡིན། གང་ལགས་ཤེ་ན། ཨ་ཕ་ནི་ང་ཚོའི་བློ་གཏད་བཅོལ་ཡུལ་དང་། བློ་སྣ་འདྲེན་མཁན་ཡིན་ལ། ང་ཚོར་བློ་མིག་འབྱེད་མཁན་དང་སྙིང་རུས་ཀྱི་གཤོག་ཟུང་རྒྱས་སུ་འཇུག་མཁན་གཙོ་བོ་དེའང་རེད།
ཨ་ཕ་ནི་ང་ཚོའི་མི་ཚེའི་རྣམ་ཐར་གྱི་དབུ་ཁྱུད་སུག་བྲིས་གནང་མཁན་གྱི་དྲིན་ཆེན་ཕ་མའི་སྐུ་ཚབ་ལྷད་མེད་དེ་ཡིན་ལ། ཀྱག་ཀྱོག་གི་མི་ཚེའི་གྲུ་ཟུར་དུ་ང་ཚོར་སེམས་ཤུགས་དང་བློ་སྤོབས་སྦྱིན་མཁན་གྱི་སྐྱེས་ཆེན་དམ་པ་དེ་དང་། ང་ཚོའི་མི་ཚེའི་བཤུལ་ལམ་རིང་མོར་གེགས་དང་བར་ཆད་ཀྱི་འཚེ་བ་མི་འབྱུང་ཆེད་ཐམས་ཅད་བློས་གཏོང་དང་སློབ་སྟོན་ཡང་ཡང་གནང་མཁན་གྱི་འཛམ་གླིང་སྐྱེས་པའི་གཙུག་ཕུད་དེའང་རེད།
ཨ་ཕ་ཡོད་པའི་གནས་འདི་རུ། ང་ཚོར་ཉམས་པ་མེད་པའི་སེམས་ཤུགས་དང་། ལྷད་མེད་ཀྱི་འཛུམ་མདངས་ཡོད་ལ། མ་འོངས་པར་བཅངས་པའི་འགྱུར་མེད་ཀྱི་དམ་བཅའ་དང་། རྟག་བརྟན་གྱི་ཆོད་སེམས་གཙང་མའང་ཡོད།
ཨ་ཕ་ཡོད་པའི་གནས་འདི་རུ། ང་ཚོའི་རྒྱང་རིང་གི་ཕུགས་འདུན་དང་། འཕྲལ་ཕུགས་ཀྱི་བདེ་སྡུག་འཁྱིལ་ཡོད་ལ། ང་ཚོས་རང་སོའི་ཁྱིམ་གཞིས་དྲོན་མོར་བཅངས་པའི་ལྷག་བསམ་གྱི་ལ་རྒྱ་དང་དུང་སེམས་ཀྱང་སིམ་ཡོད།
ཨ་ཕ་ཡོད་པའི་གནས་འདི་རུ། ང་ཚོའི་ཡར་རྒྱས་ཀྱི་འཕར་རྩ་བར་མེད་དུ་ལྡིང་ཞིང་། ངར་ཤུགས་ཀྱི་མེ་ལྕེ་ལྷོག་ལྷོག་ཏུ་འབར་ལ། འབད་འཐབ་ཀྱི་སྙིང་རུས་ཀྱང་བྲག་ལྟར་སྲ།
ཨ་ཕ་ཡོད་པའི་གནས་འདི་རུ། ང་ཚོའི་འཛུམ་མདངས་ཀྱི་མཛེས་པ་དབང་མེད་དུ་ཕྱུང་སྲིད་ལ། ང་ཚོའི་དགོད་སྒྲ་ཡི་འགྱུར་ཁུག་སྙན་མོ་ཡང་སྒྲ་འཛིན་རྣ་བའི་བཅུད་དུ་ག་ལེར་སྨིན་ངེས་སྙམ།
དེ་ལས་ལྡོག་སྟེ། ཨ་ཕའི་རྒྱབ་རྟེན་མེད་པའི་འཕྲང་ལམ་དོག་པོར་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་གི་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་། དམའ་འབེབས་དང་ཟུར་ཟའི་གློག་ཞགས་རྣོན་པོ་བར་མེད་དུ་འཁྱུག་ལ། འཕྱ་སྨོད་ཀྱི་དྲག་ཆར་དང་སྣང་ཆུང་གི་རླུང་འཚུབ་ཀྱང་རེ་ཞིག་འཇགས་དཀའ།
དེས་ན། ཨ་ཕའི་ཕྱག་ཟུང་དྲོན་མོས་བསྐྱངས་པའི་བུ་ཕྲུག་ནི་ཅི་འདྲའི་བསོད་ནམས་ཆེ་ཞིང་། བདེ་སྐྱིད་དང་ལྡན་པ་ཞིག་རེད་ལ། གནས་བཟོད་བདེ་ཞིང་། དགའ་བདེས་མྱོས་པ་ཞིག་ཡིན་མོད། འོན་ཀྱང་། ལས་དང་དབང་ཐང་དམན་པའི་བུ་ངར་འདི་ལྟ་བུའི་བསོད་ནམས་ཀྱི་བགོ་བསྐལ་ཞིག་ཅིས་ནས་ཀྱང་མེད་སོང་།
དེ་ཡང་། ང་རང་བཅུ་གསུམ་ལོ་ཡི་ཐེམ་སྐས་མ་བརྒལ་བའི་སྔ་རོལ་ནས། ངའི་ཕ་དམ་པ་འཇིག་རྟེན་གཞན་དུ་གཟིགས་མོར་ཕེབས་ཤིང་། ཁོང་གིས་དགའ་ཉེ་བློ་དཀར་ཀུན་དང་ཞལ་གྱེས་ཞུས་པའི་ཉིན་དེ་ནས་བཟུང་། ངེད་གཅེན་གཅུང་རྣམས་ཀྱང་ཨ་ཕ་མེད་པའི་བུ་ཕྲུག་དང་། ཐང་དུ་ལུས་པའི་བྱ་ཕྲུག་ལྟ་བུར་གྱུར།
མ་གཞི་ཨ་མས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་དང་སེམས་ནུས་ཡོད་རྒུ་བཏོན་ནས་ང་ཚོ་གསོ་སྐྱོང་དང་བྱམས་ཀྱིས་བསྐྱངས་རུང་། ཕ་མ་གཉིས་འཛོམས་ཀྱིས་སྦྱིན་པའི་སྤྲོ་སྣང་དང་བདེ་སྐྱིད་ཀྱི་རོ་བཅུད་ལ་ལོངས་སྤྱོད་བྱེད་སྐལ་ཟད་པའི་ངེད་གཅེན་གཅུང་ཚོའི་ལས་དབང་ཅི་འདྲའི་ཉམ་ཐག་པ་ལ་ཨང་སྙམ།
ཁྱེད་ཉིད་ལྔ་པའི་ལམ་དུ་བཞུད་པའི་ཉིན་དེ་ནས། ངེད་ཁྱིམ་གྱི་ཕྱོགས་གང་ས་ཅི་ཐད་ལ་གས་ཆག་ཚབས་ཆེན་བྱུང་བའི་མུར་ཁྱིམ་ཚང་ལའང་སྔར་ན་མེད་པའི་ཉམས་ཉེས་བྱུང་བ་དང་བསྟུན། དགའ་ཉེ་སྤུན་མཆེད་དབར་གྱི་འབྲེལ་བ་ཡང་ཇེ་རིང་ནས་ཇེ་རིང་དུ་སོང་།
ཁྱེད་ཉིད་སྐུ་འཚོ་བཞུགས་སྐབས་ཀྱི་ངེད་ཚོའི་ཁྱིམ་ཚང་ནི་འབྱོར་ཕྱུག་འདོད་ཡོན་ཕུན་སུམ་ཚོགས་པ་ཞིག་མིན་རུང་། ལྟོ་གོས་ལ་སེམས་ཁྲལ་མེད་ཅིང་འབྱོར་པ་འབྲིང་གི་གྲལ་དུ་ཚུད་ལ། མི་ལ་སྨོན་མི་དགོས་པའི་ཆེས་འཆམ་མཐུན་ལྡན་པའི་ཁྱིམ་གཞིས་དྲོན་མོ་ཞིག་དང་། སྐུ་ཉིད་ཀྱང་ཀུན་གྱིས་ཆ་འཇོག་ཉ་འཇོག་དང་། གུས་བཀུར་ཚད་མེད་ཞུ་ཡུལ་གྱི་ཕོ་རབ་བློ་གྲོས་ཅན་ཞིག་ཡིན་པ་ད་ལྟའང་སེམས་ལ་ལྷང་ངེར་དྲན་བཞིན་འདུག
མ་གཞི་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱས་པ་ཙམ་གྱིས་ངའི་སེམས་ནང་སྐུ་ཉིད་ཀྱི་བྱད་བཞིན་དང་། སྐུ་ཉམས། དེ་བཞིན་སྐུ་ཡོན་ཇི་འདྲ་ཡོད་མེད་སོགས་ཇི་མ་ཇི་བཞིན་དྲན་པར་དཀའ་ཡང་། ཁྱེད་ནི་ཡུལ་མི་ཁྱིམ་མཚེས་ཀུན་གྱི་བློ་འདྲི་ཡུལ་དང་། གྲོས་བསྡུར་ས་ཞིག་ཡིན་ལ། སྐྱེ་བོ་མཆོག་དམན་མེད་པར་བྱམས་དང་སྙིང་རྗེ་དཔག་མེད་འཆང་མཁན་གྱི་སྐྱེ་བོ་སེམས་བཟང་ཅན་ཞིག་ཡིན་པ་ཀུན་གྱིས་ཞལ་གཅིག་གྲགས་སུ་གསུངས།
འདས་ཟིན་པའི་བགྲང་བྱ་བཞི་བཅུ་ཡི་ནང་། ང་ལ་ཁྱེད་ཀྱི་བྱམས་སྐྱོང་དང་ལམ་སྟོན་མེད་ལ། གཞོགས་འདེགས་དང་རྒྱབ་སྐྱོར་མེད་ཀྱང་། ངས་ཕ་ཚ་བུ་རྒྱུད་ནས་བསྐྱངས་པའི་ངེད་ཚང་གི་འབྱུང་འགྱུར་ཆེད་མ་དྲིན་ཆེན་དང་ལྷན་དུ་དཀའ་ངལ་དུ་མ་ཁྱད་དུ་སད་ཅིང་། སེམས་སྡུག་ཡོད་ཚད་ཁོག་ཏུ་མིད་ཀྱིན། གང་ཐུབ་ཅི་ཐུབ་དང་འབད་འཐབ་ཧུར་ཐག་བྱས་མཐར། གླ་ཕོགས་ཀྲིག་ཅར་ལེན་རྒྱུ་ཡོད་པའི་མི་དམངས་ཀྱི་དགེ་རྒན་ཞིག་ཏུ་གྱུར་ལ། ངེད་ཚོའི་ཁྱིམ་ཚང་གི་འཚོ་བར་ཡང་འགྱུར་ལྡོག་ངེས་ཅན་གཏོང་ཐུབ་པ་བྱུང་།
པཱ་ལགས། གལ་སྲིད་ཁྱེད་ཉིད་ད་ལྟ་སྐུ་འཚོ་བཞུགས་གནང་ཡོད་ན། ངས་རང་ཉིད་ལ་ཐོབ་པའི་གྲུབ་འབྲས་གང་ཡོད་ཉིན་མཚན་མཐུད་ནས་ཁྱེད་ལ་ཞུ་བར་འདོད་པས། ཁྱེད་ཉིད་ཐུགས་སེམས་སྤྲོ་པོ་ལོས་ཡོང་། མ་ཟད་ཁྱེད་ཀྱི་སྐུ་གམ་ནས་རིན་བྲལ་བདུད་རྩིའི་བཀའ་སློབ་མུ་མཐུད་ཉན་འདོད་ལྷག་པར་ཆེ་ནའང་ད་ཆ་དེ་དག་ཐམས་ཅད་རྨི་ལམ་ཁོ་ན་ལས་མ་འདས།
འབྲེལ་ཡོད་གསར་འགྱུར།