ལམ།
གྲོགས་པོ་ལགས། ང་ཚོ་ལམ་ལ་ཆས་དགོས། ཕུགས་བསམ་གྱི་ཆེད་དུ་ལམ་ལ་ཆས་དགོས། ཁྱིམ་ཚང་གི་དོན་དུ་ལམ་ལ་ཆས་དགོས། འཚོ་གནས་ཀྱི་ཕྱིར་དུ་ལམ་ལ་ཆས་དགོས། འདུ་འཛོམས་ཀྱི་སླད་དུ་ལམ་ལ་ཆས་དགོས། གྲོགས་པོ་ལགས། ང་ཚོ་ལམ་དུ་ཡོད། འབད་འཐབ་ཀྱི་ལམ་དུ་ཡོད། རྒྱང་རིང་གི་ལམ་དུ་ཡོད། མི་ཚེ་ཡི་ལམ་དུ་ཡོད། འཚོལ་སྙེག་གི་ལམ་དུ་ཡོད། ང་ཚོ་ནམ་ཡང་དམིགས་ཡུལ་ཞིག་གི་ཀློང་ནས་ལམ་ལ་ཆས་བཞིན་ཡོད་ལ། ད་དུང་མུ་མཐུད་ལམ་ལ་ཆས་དགོས། ལམ་ལ་ཆས་དུས། ལམ་གྱི་བདེ་འཇགས་ནི་ཨང་དང་པོ་ཡིན། ལམ་ལ་བདེ་འཇགས་མེད་ན། ང་ཚོ་དམིགས་སའི་ཡུལ་དུ་ནམ་ཡང་འབྱོར་ག་ལ་སྲིད། མི་ཚེ་ནི་འགྲུལ་བཞུད་ཐེངས་གཅིག་དེ་བས་ཡིན།
གྲོགས་པོ་ལགས། དུས་རབས་ཉེར་གཅིག་ནི་ཚན་རྩལ་གྱི་དུས་རབས་ཤིག་ཡིན་ཏེ། ཡང་སྒོས་དུས་རབས་ཀྱི་འཕེལ་རྒྱས་ཁྲོད་ནས་རླུང་ལྟར་མགྱོགས་པའི་འཕྲུལ་འཁོར་ཡང་གྲོག་ཚང་བརྡོལ་བ་ལྟར་ཤིན་ཏུ་མང་བ་མཐོང་ཆོས་སུ་འདུག་ཨང་། སྔོན་ཆད་ལོ་དང་ཟླ་བ་འགོར་སའི་ས་ཆར། དེང་སྐབས་ཆུ་ཚོད་དང་སྐར་མ་ཁ་ཤས་ཀྱི་ཡུན་ལས་འགོར་གྱི་མེད། འོན་ཀྱང་། གྲོགས་པོ་ལགས། ལམ་ལ་ཆས་དུས། བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་ནི་རྒྱང་རིང་གི་དམིགས་ཡུལ་མངོན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་དང་ཐོག་མའི་ས་བོན་ཡིན།
གྲོགས་པོ་ལགས། ང་ཚོ་མི་ཡུལ་ཁམས་འདིར་རིང་དུ་འཚོ་དགོས་ན། ཚེ་སྲོག་ལ་བརྟེན་དགོས་ཤིང་། ཚེ་སྲོག་དེ་ཡང་བདེ་འཇགས་ཤིག་ཡིན་དགོས། ལྷག་ཏུ་ང་ཚོ་ཚང་མར་ཚེ་སྲོག་རེ་རེ་མ་གཏོགས་མེད་པས་ཚེ་སྲོག་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་འབད་འཐབ་བྱེད་པ་ནི་རང་གི་ཚེ་སྲོག་ལ་གཅེས་འཛིན་བྱེད་སྟངས་ཡག་ཤོས་རེད། གྲོགས་པོ་ལགས། དེང་གི་སྐབས་སུ་འཚོ་བའི་ཆ་རྐྱེན་ཇེ་བཟང་ལ་འགྲོ་བའི་དུས་དང་བསྟུན་ཏེ་རླངས་འཁོར་མེད་པའི་ཁྱིམ་ཚང་ཧ་ལམ་མེད་པའི་ཚོད་དུ་སླེབས་ཡོད། རླངས་འཁོར་གྱིས་ང་ཚོའི་འཚོ་བར་སྟབས་བདེ་དང་ཕན་པ་མང་པོ་ཞིག་བསྐྲུན་པ་བདེན་དུ་ཡོད་ཀྱང་། དེ་དང་བསྟུན་ནས་འགྲིམ་འགྲུལ་གྱི་ལས་འཛོལ་ཡང་མང་པོ་ཐོན་དང་འཐོན་བཞིན་ཡོད་པ་ང་ཚོའི་མཐོང་ཆོས་སུ་གྱུར། འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་མེད་པའི་དབང་གིས་རིན་ཆེན་ཚེ་སྲོག་ཤོར་བའི་མི་ཚེའི་སྐྱོ་གར་དང་ཁྱིམ་ཚང་གི་དགོད་སྒྲ་འཇའ་ལྟར་ཡལ་བའི་གཏམ་རྒྱུད་ཧ་ཅང་མང་།
གྲོགས་པོ་ལགས། འགྲིམ་འགྲུལ་བདེ་འཇགས་ནི་ང་ཚོ་ཚང་མའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཟབ་པའི་དོན་དག་གལ་ཆེན་ཞིག་ཡིན་པ་ཤེས་དགོས། ལམ་ལ་ཆས་དུས། སྐར་མ་ཁ་ཤས་སྔོན་དུ་སླེབས་ཆེད་རླངས་འཁོར་གྱི་མགྱོགས་ཚད་ལ་སྣང་ཆུང་གཏན་ནས་གཏོང་མི་རུང་། ལམ་ལ་ཆས་དུས། ཁྱེད་ཀྱི་རྒྱབ་ན་བྱམས་བརྩེ་ལྡན་པའི་ཕ་མས་དགོད་སྒྲ་དང་བཅས་ཁྱེད་རང་གླེང་ཞོར་སྒུག་ནས་ཡོད་པས། འགྲིམ་འགྲུལ་གྱི་བདེ་འཇགས་ལ་ལྷོད་གཡེང་ཤོར་ན། སེམས་མེད་རླངས་འཁོར་གྱི་གཡོ་འགུལ་ཞིག་གིས་བྱམས་བརྩེའི་དགོད་སྒྲ་དེ་སྡུག་བསྔལ་གྱི་ངུ་སྒྲར་འགྱུར་སྲིད། ལམ་ལ་ཆས་དུས། ཁྱེད་ཀྱི་རྒྱབ་ན་འདང་བརྩེ་ཟབ་པའི་མཛའ་མོས་དུང་བའི་འཛུམ་མདངས་འཁྱིལ་ལེར་ཁྱེད་རང་དྲན་བཞིན་བསྒུགས་ནས་ཡོད་པས། གལ་ཏེ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ལྷོད་གཡེང་ཤོར་ན། གེགས་ཆེན་པོའི་བར་ཆད་ཅིག་གིས་འདང་བརྩེའི་འཛུམ་མདངས་དེ་ན་ཟུག་གི་མིག་ཆུར་འགྱུར་སྲིད། དེར་བརྟེན། གྲོགས་པོ་ལགས། ཆུ་མ་ཤོར་གོང་ནས་རགས་དང་། རྐྱེན་མ་བྱུང་གོང་ནས་ཟློག་པ་ཞེས་པའི་དཔེ་ལྟར། འགྲིམ་འགྲུལ་ཉེན་རྟོག་པའི་ངག་ལ་ལེགས་པར་ཉན་ནས་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་ལེན་པ་དང་རླངས་འཁོར་གཏོང་སྐབས་བདེ་འཇགས་ཐག་པ་རྒྱག་པ། མ་ཟད་ཆང་རག་བཏུངས་རྗེས་རླངས་འཁོར་མ་བཏང་བར། འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་དང་། རང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། ང་ཚོ་ཚང་མས་ཡ་རབས་དང་གོ་རིམ་ལྡན་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ལམ་བུ་ཞིག་སྐྲུན་པར་འབད་དགོས་ཨང་།
འབྲེལ་ཡོད་གསར་འགྱུར།