དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ​དབྱར་གྱི་སྣང་བ་ཐན་ཐུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གློག་འོད།   |     སྤེལ་དུས།  2025-07-13

    ཆར་ལྡན་དབྱར་གྱི་མཛའ་མོ་མགྲོན་དུ་ཕེབས། །

    རི་རྩེའི་ཁ་བས་དབུ་ཞྭ་དལ་གྱིས་ཕུད། །

    གཙང་ཆུ་ལུ་མ་ཤང་ཤང་མདུན་ནས་བཞུར། །

    མཐའ་ཡས་སྤང་ཐང་རིམ་གྱིས་ལྗང་གུར་གྱུར། །


    འདོད་ཡོན་མེ་ཏོག་སྣ་བརྒྱ་ཕྱོགས་སུ་བཀྲ །

    བསིལ་རླུང་ཀློང་དུ་འདབ་མས་བྲོ་གར་འཁྲབ། །

    བསུང་ཞིམ་དྲི་འཛིན་དབང་པོའི་བཅུད་དུ་བསྣམས། །

    ཨེ་མ་ལུས་སེམས་བདེ་བའི་ཞིང་དུ་འཁོད། །


    ནོར་འཛིན་སྒེག་མོའི་ལང་ཚོའི་མཛེས་སྡུག་ལ། །

    ཆགས་པའི་འབུ་དང་བུང་བའི་ཚོགས་རྣམས་ཀྱིས། །

    དགའ་བའི་གཤོག་གླུ་ལེན་གྱིན་ལྡིང་བ་འདི། །

    དབྱར་གྱི་མཛེས་པར་བསྟོད་པའི་རོལ་དབྱངས་འདྲ། །


    ཞོགས་པའི་ཉི་གཞོན་གསར་པའི་འཛུམ་ཞལ་ཁྲོད། །

    མདང་ནུབ་ཆར་པས་བཞག་པའི་ཟིལ་པ་ནི། །

    འཇམ་མཉེན་ཡལ་གའི་ངོས་སུ་ཁྲོམ་ཁྲོམ་དུ། །

    འོད་ཀྱི་བརྟུལ་ཞུགས་འཛིན་པའི་ཚུལ་དེ་མཛེས། །


    ཚར་དུ་དངར་བའི་ནགས་ཀྱི་སྐྱེད་ཚལ་དུ། །

    སྣ་མང་རྐང་འཐུང་སྐྱེ་གཟུགས་འགྲན་པ་བཞིན། །

    འཇོལ་མོ་དང་ནི་བྱ་བྱེའུ་ཁྱུ་ཚོགས་ཀྱིས། །

    བག་ཕེབས་ཁྲོད་དུ་གྲེ་འགྱུར་ངོམས་པར་བྲེལ། །


    ལྷ་ཤིང་གཡུ་ལོ་བརྩེགས་མའི་དབུ་རྩེ་ནས། །

    ཁུ་བྱུག་དགའ་མས་མགྲིན་གླུ་གྱེར་བ་དེས། །

    ལྷིང་འཇགས་ནགས་ཀྱི་རྒྱ་མཚོའི་ཕང་བ་ཉིད། །

    གཞས་ར་ཁྲ་མོ་ཡིན་ཞེས་བརྗོད་དང་མཚུངས། །


    སྣ་ཚོགས་ལྗོན་ཤིང་སྣོལ་མའི་དབེན་གནས་འདིར། །

    སྲོག་ཆགས་སྣ་ཚོགས་བག་ཕེབས་འཚོ་བར་རོལ། །

    མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་ལས། །

    དུས་རབས་གསར་པའི་ས་མཐོའི་རྣམ་པ་མངོན། །


    དབྱར་གྱི་ལྗོན་ཤིང་ལོ་མ་ལྡེམ་ལྡེམ་དུ། །

    བསིལ་འཇམ་རླུང་བུའི་གར་དུ་ཡང་ཡང་རྩེན། །

    སྨིན་ལེགས་འདབ་ཕྲེང་ཡིད་ངོར་རབ་སྡུག་པས། །

    ཡིད་སེམས་གཞན་ལ་འཁྲེང་བའི་གོ་སྐབས་དབེན། །

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།