ར་དང་བོང་བུ།
དེའང་ཞིང་པ་ཞིག་གི་ཁྱིམ་དུ་ར་གཅིག་དང་བོང་བུ་གཅིག་གསོས་ཡོད་པ་རེད། ར་དེས་ལས་ཀ་གང་ཡང་མི་བྱེད་པ་དང་། བོང་བུ་དེས་རང་ནུས་གང་ཡོད་བཏོན་ནས་ལས་ཀ་བྱེད་ཀྱི་ཡོད་སྟབས། སྦྱིན་བདག་གིས་མཐོང་ཆེན་པོས་གཟན་ཆག་ཡག་པོ་ཤ་སྟག་སྟེར་གྱི་ཡོད། དེར་བརྟེན། ར་དེ་སེམས་པ་སྐྱིད་པོ་ཁྱོན་ནས་བྱུང་མེད།
ཉིན་ཞིག བོང་བུ་ལས་ཀ་ཚར་རྗེས། སྦྱིན་བདག་གིས་གཟན་ཆག་མང་པོ་ཁྱེར་ནས་སྦྱིན། བོང་བུས་གཟན་ཆག་ཟ་བཞིན་མགོ་བོ་ཡར་ལ་བཏེགས་ཏེ་ར་ལ། གཅུང་པོ། གཟན་ཆག་སོས་པ་སོས་རྐྱང་རེད་འདུག མགྱོགས་པོ་ཁམ་འགའ་ཤས་ཟ་བར་ཤོག་ཅེས་བཤད་པར། ར་ཡིས་གཏམ་དེ་གོ་རྗེས་གཟན་ཆག་མཉམ་དུ་ཟ་དགོས་བསམས་ཀྱང་། སྦྱིན་བདག་གིས་ཁོ་བཏགས་ཡོད་སྟབས་འཕག་འཚག་ཇི་ལྟར་བརྒྱབ་ཀྱང་ཐག་པ་ལས་མ་ཐར་བས། ཁོའི་བསམ་པར་སྦྱིན་བདག་ནི་དེ་འདྲའི་ཕྱོགས་ཞེན་ཆེ་བ་ལ་ཨང་སྙམ།
དེ་ནས་རས་བོང་བུར་སེམས་གནག་བྱེད་དགོས་བསམས་ནས་ཁ་འཚེར་འཚེར་ངང་བོང་བུར། གཅེན་པོ། གཟིགས་དང་། ང་སྐྱིད་པོ་མ་རེད་པས། ངས་རྟག་པར་ལས་ཀ་གང་ཡང་མ་བྱས་ཀྱང་གཟན་ཆག་འདྲ་འདྲ་རག་གི་མི་འདུག་གམ། སང་ཉིན་ཁྱེད་ཀྱིས་འགྱེལ་ཚུལ་གྱིས་དང་། སྦྱིན་བདག་གིས་མཐོང་ན་ལས་ཀ་སྐུལ་མི་སྲིད་པས་སྐྱིད་པོ་མ་རེད་དམ་ཞེས་བཤད་པར། བོང་བུའི་གོ་རྟོགས་གློ་བུར་དུ་སད་པ་ལྟར་བྱུང་སྟེ། ཇུས་དེ་ཡག་པོ་འདུག གཅུང་པོ། ཐུགས་རྗེ་ཆེ་ཞེས་ལན་བཏབ།
ཕྱི་ཉིན་བོང་བུས་འགྱེལ་ཚུལ་སྟོན་མ་ཤེས་པར་དངོས་འབྲེལ་འགྱེལ་བ་ར་དེས་མཐོང་བ་ན། ཁོས་ཁོང་འཛུམ་དང་བཅས། ཨ་ཙི་ཙི། དངོས་འབྲེལ་འགྱེལ་སོང་ཞེས་ཁ་ནས་ཤོར། སྦྱིན་བདག་གིས་བོང་བུ་འགྱེལ་བ་མཐོང་མ་ཐག་དངངས་སྐྲག་ལངས་ཏེ་དེ་མ་ཉིད་དུ་ཕྱུགས་རིགས་སྨན་པ་གདན་དྲངས། ཕྱུགས་རིགས་སྨན་པས་ལྟ་ཙམ་བྱས་རྗེས་སྦྱིན་བདག་ལ། སྐྱོན་ཆེན་པོ་མི་འདུག རའི་གློ་བ་བཙོས་པའི་ཁུ་བ་སྟེར་ན་ཉིན་གསུམ་གྱི་ནང་ཚུན་དུ་དྲག་ངེས་རེད་ཅེས་བཤད་པས། སྦྱིན་བདག་གིས་འཕྲལ་མར། བྱས་ན་ཡོང་ང་། བོང་བུ་མགྱོགས་ཙམ་དྲག་ན། ང་ལ་ར་གཅིག་ཡོད་པ་དེ་བསད་ན་འགྲིག་ཅེས་ལན་བཏབ།
འབྲེལ་ཡོད་གསར་འགྱུར།