དཀར་དཀར་ཤོག་བུའི་ཐང་ལ་ཡིག་ནག་ཕབ། བགྲང་བྱ་བཅུ་ཕྲག་ཡིག་མཁན་ལས་ལ་གཞོལ།
—— སྙེ་བྲིས་ལུགས་ཀྱི་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་པ་བསོད་ནམས་སྟོབས་རྒྱལ་ལ་བཅར་འདྲི་ཞུས་པ།
པར་①ནི་བསོད་ནམས་སྟོབས་རྒྱལ་གྱིས་བརྩམས་ཆོས་སྟོན་བཞིན་པ།
པར་②③ནི་བསོད་ནམས་སྟོབས་རྒྱལ་གྱིས་ནན་ཏན་ངང་ཡིག་གཟུགས་འབྲི་བཞིན་པ།
པར་④ནི་བསོད་ནམས་སྟོབས་རྒྱལ་དང་ཁོང་གི་བརྩམས་ཆོས་ཡིན་པ།
པར་⑤ནི་བསོད་ནམས་སྟོབས་རྒྱལ་གྱིས་ཡིག་གཟུགས་འབྲི་བཞིན་པ།
པར་⑥ནི་བསོད་ནམས་སྟོབས་རྒྱལ་གྱིས་གནའ་དཔེ་ཀློག་བཞིན་པ།
ལྷ་སའི་སྙེ་མོ་ནི་གནའ་ནས་བཟུང་སྟེ་མི་ཆོས་རིག་གནས་ཕུན་སུམ་ཚོགས་ཤིང་རིག་དངོས་མང་པོ་ཐོན་སའི་གནས་གལ་ཆེན་ཞིག་རེད། བོད་ཡིག་གསར་བཟོ་མཛད་མཁན་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡང་ཡིན་པས། གནའ་ནས་ད་བར“བོད་ཡིག་གསར་བཟོ་མཛད་མཁན་གྱི་འཁྲུངས་ཡུལ”དང“སྤོས་ཀྱི་རིག་གནས་ཀྱི་འབྱུང་ཁུངས”ཞེས་འབོད་ཅིང་། ཉེ་རིང་ཀུན་དུ“བཟོ་བོའི་ཕ་ས”ཞེས་སྐད་གྲགས་ཡོངས་སུ་ཆོད།
གསར་འགོད་པར་སྙེ་བྲིས་ལུགས་ཀྱི་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་པ་བསོད་ནམས་སྟོབས་རྒྱལ་འཕྲད་སྐབས། ཁོང་གིས་སྙེ་མོ་རྫོང་སློབ་འབྲིང་དུ་སློབ་མ་ཚོར་སྙེ་བྲིས་སློབ་བཞིན་འདུག
མ་གཞི་ངོ་ཚ་སྨིན་པའི་བསོད་ནམས་སྟོབས་རྒྱལ་སྐད་ཆ་ཤོད་རྒྱུར་དེ་ཙམ་དགའ་པོ་མེད་ཀྱང་སློབ་མར་སྙེ་བྲིས་སློབ་པའི་སྐོར་བརྗོད་སྐབས་ཁོང་ལ་སྤོབས་པས་ཁེངས་ཤིང་། ཁོང་གིས“ང་རང་ཆུང་བྱིས་པའི་དུས་ནས་སྙེ་བྲིས་སྦྱངས་པ་ཡིན། གྲུབ་འབྲས་ཕྲན་བུ་ཐོབ་རྗེས་ལོ་འཁོར་མོ་ཕྱི་རུ་ལས་ཀར་ཕྱིན་པས་ནང་ལ་སྡོད་པའི་དུས་ཚོད་ཉུང་ཉུང་ཡིན། སྙེ་བྲིས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད། ངས་རིན་པ་མི་དགོས་པར་སྙེ་མོ་སློབ་འབྲིང་དུ་དགེ་རྒན་བྱས་ཏེ། སློབ་མ་ཚོར་སྙེ་བྲིས་བསླབས་པ་ཡིན། ལོ་མང་པོའི་སློབ་ཁྲིད་བརྒྱུད། སློབ་མ་མི་ཉུང་བས་སྙེ་བྲིས་སྦྱོང་བར་དགའ་པོ་བྱེད་ཀྱི་འདུག ཁོ་ཚོས་སློབ་སྦྱོང་ནན་ཏན་བྱེད་པའི་ངང་ཚུལ་དེ་མཐོང་སྐབས་དངོས་འབྲེལ་སེམས་གཏིང་ནས་དགའ་བ་སྐྱེ་གི་འདུག”ཅེས་བརྗོད།
བསོད་ནམས་སྟོབས་རྒྱལ་གྱིས་གསར་འགོད་པར། ང་རང་1976ལོའི་ཟླ་8པར་སྙེ་མོ་རྫོང་ཕུ་གསུམ་ཤང་ཕུ་གསུམ་གྲོང་ཚོའི་ཚོགས་ཆུང་གསུམ་པར་སྐྱེས་པ་དང་། ལོ་བཅུར་སླེབས་སྐབས་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྙེ་བྲིས་ཀྱི་རྒྱུན་འཛིན་པ་དང་བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཨུ་ཡོན་ཟུར་པ་བཀྲ་ཤིས་ཕུན་ཚོགས་ཀྱི་དྲུང་ནས་སྙེ་བྲིས་ལོ་བཞི་སྦྱངས་པ་དང་། དེའི་རིང་ད་དུང་སུམ་ཅུ་པ་དང་དག་ཡིག་སོགས་ཀྱང་སྦྱངས་པ་ཡིན་ཞེས་བརྗོད།
1989ལོར། བསོད་ནམས་སྟོབས་རྒྱལ་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་གཉེར་བའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ནང་ཞུགས་པར་གཡུར་ཟའི་གྲུབ་འབྲས་ཐོབ། དེ་རྗེས་ཀྱི་ལོ་ལྔའི་རིང་ཡིག་གཟུགས་མཁས་ཅན་སྐུ་ཞབས་བཀྲ་ཤིས་ཕུན་ཚོགས་ཀྱི་རྗེས་སུ་འབྲངས་ཏེ་གནའ་དཔེ་པོད་བརྒྱད་ཅུ་ལྷག་ཙམ་གྱི་ཉམས་གསོའི་ལས་ལ་ཞུགས།
2004ལོར་ཕོ་བྲང་པོ་ཏ་ལའི་གདན་ཞུས་ལྟར་གནའ་དཔེ་ཉམས་གསོ་དང་གསེར་བྲིས་ཀྱི་འདུ་འགོད་ནང་ཞུགས།
2006ལོར་ཕོ་བྲང་པོ་ཏ་ལའི་སྲིད་ཚབ་ཀྱི་དཔེ་ཁང་ནང་ཉར་བའི་གནའ་དཔེ་ཉམས་གསོའི་ལས་ལ་ཞུགས།
2023ལོའི་ཟླ་11ནས་2024ལོའི་ཟླ་3བར། གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི《རྒྱུད་བཞི》གསེར་བྲིས་གནང་བ་རེད།
བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཟེར་བའི་དཔེ་ལྟར། 2016ལོར་བསོད་ནམས་སྟོབས་རྒྱལ་སྙེ་མོ་རྫོང་གི་རྫོང་རིམ་པའི་སྙེ་བྲིས་རྒྱུན་འཛིན་པར་བདམས་པ་དང་། ཁོང་སྙེ་མོ་རྫོང་ཨུད་དང་སྲིད་གཞུང་དང་དེ་བཞིན་རིག་གནས་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་གཉེར་བའི་བྱེད་སྒོ་ཁག་ནང་ཐེངས་མང་ཞུགས་ནས། ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་དང་རྒྱ་ཆེའི་མང་ཚོགས་ཀྱིས་སྙེ་བྲིས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་ཡོང་བར་བྱས་ཤིང་། ཁོང་དང་ཁོང་གི་བརྩམས་ཆོས་ལའང་ཚང་མས་ཁས་ལེན་དང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
2020ལོའི་ཟླ་བདུན་པ་ནས་བཟུང་། ཁོང་གིས་སྙེ་མོ་རྫོང་སློབ་འབྲིང་གི་སྙེ་བྲིས་ལུགས་ཀྱི་གདན་ཞུས་དགེ་རྒན་གྱི་འགན་འཁུར་བ་དང་། དེའི་རིང་ཁོང་གིས་ལོ་རེའི་སློབ་ཚན་69ཡི་དུས་ཚོད་སྤྱད་དེ་སློབ་མ་ཚོ་དང་ཡིག་གཟུགས་ལ་དགའ་ཞེན་ཆེ་བའི་དགེ་རྒན་འགར་སྙེ་བྲིས་ཀྱི་ལོ་རྒྱུས་དང་འབྲི་སྟངས་སོགས་བསླབས་ནས། ད་བར་དགེ་སློབ་200ལྷག་ཙམ་གསོ་སྐྱོང་བྱས་ཡོད།
བསོད་ནམས་སྟོབས་རྒྱལ་གྱིས་ངོ་སྤྲོད་བྱས་དོན། 2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཡིག་ཡིག་གཟུགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་གཉིས་པའི་ནང་ཚུད་པ་དང་། 2014ལོར་སྙེ་བྲིས་ལུགས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་བཞི་པའི་རྒྱ་སྐྱེད་རྣམ་གྲངས་ནང་ཚུད་ཡོད་།
འབྱུང་འགྱུར་སྐོར་གླེང་སྐབས། བསོད་ནམས་སྟོབས་རྒྱལ་གྱིས“ངས་སློབ་ཁྲིད་དང་གསོ་སྐྱོང་བྱ་ཡུལ་དེ་མང་ཚོགས་ཅན་དུ་བསྒྱུར་ནས། མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྔར་བས་སྐུལ་འདེད་བཏང་སྟེ། མི་དེ་བས་མང་བས་བོད་ཀྱི་ཡིག་གཟུགས་ལ་སློབ་སྦྱོང་དང་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་ངོ་མཚར་ཚོར་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།