དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • རི་མཐོ་གཡང་གཟར་གྱི་རྩེ་མོར་སྐྱོད་པ།

    —— ཀྲུང་གུང་ཏང་ཡོན་དང་ནུབ་རི་མཐའ་སྲུང་ལེན་ཤོག་གི་བཀོད་འདོམས་པ་མོང་ཚུང་རོང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-08

    ས་བབ་སྨི་5000ལྷག་ཙམ་གྱི་ནུབ་རིའི་ལ་སྒང་དུ་རུ་སྟར་ཞིག་གི་གཟུགས་བརྙན་རབ་རིབ་མངོན།

    གྲང་རླུང་འུར་འུར་དུ་ལྡང་བ་དང་བསྟུན་ནས་གསོ་རླུང་ཡང་རིམ་བཞིན་ཇེ་ཉུང་དུ་འགྲོ་གི་ཡོད། ན་གཞོན་འཐབ་འཛིང་པ་ཚོའི་ལྷམ་ནང་རྡོ་ཞོ་བླུགས་པ་ལྟར་ལྗིད་པོ་ཡོད་པས་མདུན་དུ་གོམ་གང་སྤོ་བར་ཡང་དཀའ་ཚེགས་ཆེན་པོ་ཡོད། སྐབས་དེ་དུས་ཁོང་གིས་དཔུང་ཁག་གི་རུ་སྣེ་ཁྲིད་མཁན་གྱི་རྒྱབ་གཟུགས་ལ་ལྟ་ཙམ་བྱས། ལེན་ཤོག་གི་བཀོད་འདོམས་པ་མོང་ཚུང་རོང་གིས་ཨམ་གཙིགས་བསྡམས་བཞིན་མུ་མཐུད་གོམ་པའི་འདེགས་འཇོག་མདུན་ཕྱོགས་སུ་སྤོས།

    ཁོང་ཚོས་མུ་ལ་མུ་འབྲེལ་གྱི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་སྐོང་གཡེང་བྱེད་པ་དང་། འདི་ནས“འཛམ་གླིང་གི་རི་རྩེ་མཐོ་ཤོས”ཇོ་མོ་གླང་མའི་བར་ས་ཐག་སྤྱི་ལེ་200ཙམ་ལས་མེད།

    2022ལོའི་ལོ་མཇུག་ཏུ། རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་ཆེད་གམ་པ་མཐའ་སྲུང་ཡིང་ཤོག་གིས་ལེན་ཤོག་གསར་པ་ཞིག་བཙུགས། གོང་རིམ་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་རྗེས་མོང་ཚུང་རོང་ལེན་ཤོག་དེའི་ཆབ་སྲིད་བཀོད་འདོམས་པ་ཨང་དང་པོ་དེར་བསྐོ་རྒྱུའི་གཏན་འཁེལ་བྱས།

    ནུབ་རིར་བཅའ་སྲུང་མ་བྱས་གོང་། མོང་ཚུང་རོང་གིས་སྐུལ་སློང་ཐེངས་ཤིག་བྱས།

    “བློ་མཐུན་ཚོ། གམ་པ་ཡིང་ཤོག་ནི་དཔུང་སྡེ་གང་འདྲ་ཞིག་རེད་དམ་ཟེར་ན། ཡིང་ཤོག་བཙུགས་ནས་ལོ་60ལྷག་ཙམ་གྱི་ནང་རྒྱལ་ཡོངས་ཀྱི་དམག་ཡོངས་ཀྱི་གཟེངས་བསྟོད་ཐེངས་9དང་གཟི་བརྗིད་མཚན་སྙན་ཐེངས་5རག་ཡོད།

     ང་ཚོར་བྱས་རྗེས་རིམ་པ་དང་པོ་འཇོག་མཁན་5དང་བྱས་རྗེས་རིམ་པ་གཉིས་པ་འཇོག་མཁན་47ཡོད། འཐབ་སར་གཤེགས་ཏེ་གངས་ལྗོངས་ས་མཐོར་རིན་བྲལ་ཚེ་སྲོག་ལེགས་སྐྱེས་སུ་འབུལ་མཁན་31བཅས་ཡོད”

    “‘གམ་པའི་སྙིང་སྟོབས’གང་ཡིན་ཟེར་ན། བློས་གཏོང་མ་ཐུབ་པའི་སྒེར་དོན་མེད་པ་དང་། སྡུག་བསྲན་མི་འཁྱོག་པའི་སྡུག་བསྔལ་མེད་པ། རྒྱལ་མ་ཐུབ་པའི་དཀའ་ངལ་མེད་པ་བཅས་ཡིན”

    “‘གམ་པའི་སྙིང་སྟོབས’འཛིན་སྐྱོང་ཇི་ལྟར་བྱེད་དགོས་སམ་ཟེར་ན། གནམ་ས་འགུལ་བའི་དོན་ཆེན་སྒྲུབ་དགོས་མེད་པར། པན་ཀྲང་དམག་ཞབས་ཐིམ་ན་ཁྱེད་ཀྱིས་ཁོང་གི་ཚབ་བྱེད་པ་དང་ཁྱེད་རང་དམག་ཞབས་ཐིམ་ན་དམག་མི་གཞན་ཞིག་གིས་རང་གི་ཚབ་བྱེད་རྒྱུ་དེ་རེད”

    “གམ་པ་ཡིང་ཤོག་གི་གཟི་བརྗིད་ལྡན་པའི་སྙིང་སྟོབས་ཀྱིས་ང་ཚོར་སྐུལ་ལྕག་བྱེད་བཞིན་ཡོད། གམ་པ་ཡིང་ཤོག་གི་དམག་མི་གསར་པ་ཡིན་པའི་ང་ཚོས་གམ་པ་ཡིང་ཤོག་གི་རྐང་པ་གཏན་ནས་འཐེན་རྒྱུ་མེད། ང་ཚོས་སྒྲུབ་པའི་བྱ་བ་མི་ཚང་མས་ཤེས་དགོས་པའི་ངེས་པ་མེད། འོན་ཀྱང་དེ་ནི་ང་ཚོས་སྒྲུབ་དགོས་པའི་བྱ་བ་རེད”

    “ངས་བཤད་ཚར་སོང”ཞེས་མོང་ཚུང་རོང་གིས་སེམས་གཏམ་ལྷུག་པོར་གླེང་རྗེས་དམག་མིའི་གུས་འདུད་ལན་གཅིག་ཞུས་པས་ན། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།

    ནུབ་རི་མཐའ་སྲུང་ལེན་ཤོག་གི “སྲོག་གནས་དཀའ་ཁུལ”དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། དེ་གར་ནི་མེས་རྒྱལ་གྱི་མཐའ་མཚམས་རེད།

    ས་མཐོར་དུས་དང་རྣམ་པ་ཀུན་ཏུ་གྲང་རླུང་འུར་འུར་དུ་ལྡང་། སྨག་རུམ་གྱི་མཚན་མོར་མེ་ཕུང་འུར་འུར་དུ་འཕྱུར་བ་དང་། འཐབ་འཛིང་པ་རྣམས་དེའི་མཐའ་བསྐོར་ནས་ཁུ་སིམ་མེར་གནས། ཁོང་ཚོའི་རྒྱབ་ཕྱོགས་ནི་མཐོན་པོ་དགུང་ལ་སྙེག་འདྲའི་གངས་རི་ཡིན་པ་དང་། དེའི་རྒྱབ་ཕྱོགས་ནི་ཕ་ཡུལ་རེད།

    2023ལོའི་ཟླ་2ཚེས་1ཉིན། ལེན་ཤོག་གི་ཏང་ཀྲི་པུའུ་དབུ་བརྙེས་པ་དང་མོང་ཚུང་རོང་གིས་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར། དེ་རྗེས་ཏང་ཡོན་རྐང་འཛིན་པས་ལས་འགན་དང་དུ་བླངས་ནས་དར་དམར་རེ་རེ་ཁྱེར་ཏེ་ཚང་མའི་སྣེ་ཁྲིད་ནས་ཚ་ཚ་འུར་འུར་ངང་ལེན་ཤོག་འཛུགས་སྐྱོང་གི་ལས་ལ་ཞུགས།

    ལེན་ཤོག་ཡོངས་ཀྱི་ཚན་པ་བཅུ་གྲངས་ནས་འཐེན་པའི་དཔོན་དམག་བརྒྱ་ལྷག་ཙམ་གྱི་དམག་མིའི་ལོ་གྲངས་དང་། ཆེད་ལས། གཤིས་ཀ་བཅས་གཏན་ནས་འདྲ་གི་མེད། ཁོང་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་བ་ནི་འབོད་ཚིག་ཁ་ཤས་འབོད་ནས་བྱེད་་ཐུབ་པ་ཞིག་གཏན་ནས་མིན།

    ཆུ་གློག་ཚོགས་ཆུང་གིས་སྐྱོན་ཤོར་བའི་སྒྲིག་ཆས་བཟོ་བཅོས་བརྒྱབ་རྗེས་དམག་སྒར་གྱི་བཀོད་པ་གཙང་ལ་གྲལ་འགྲིག་པ་དང་། མ་བྱན་ཚོགས་ཆུང་གི་ཚལ་བཟོ་རྩལ་ལེགས་སུ་ཕྱིན་པས་འཐབ་འཛིང་པ་ཚོའི་སྦྱོང་བརྡར་བྱེད་སེམས་ཆེ་རུ་སོང་ལ། རིག་གནས་དྲིལ་བསྒྲགས་འགྲེམས་པང་རེ་རེ་གྱང་ངོས་སུ་བཀལ་ཡོད་པ་དང་རྒྱང་བསྒྲགས་ནས་སྙིང་སྟོབས་རབ་ཏུ་འཕེལ་བའི་དམག་གླུ་གྲགས་བཞིན་མཆིས།

    གཤིབ་ནས་གང་ཙམ་སོང་རྗེས་བཀོད་འདོམས་པ་ནི་ཁ་ཞེ་གཉིས་མེད་ཅིག་ཡིན་པ་ཚང་མས་རིམ་གྱིས་ཤེས། ཁོང་སྐད་ཆ་ཤོད་རྒྱུར་དགའ་ལ་དོ་ནན་ངང་ལས་དོན་སྒྲུབ་མཁན་ཞིག་ཀྱང་རེད།

    འཐབ་འཛིང་པ་ཀུང་ཡོན་ལང་ནི་སྤོ་བོ་ལགས་ཀྱིས་གསོས་པ་ཞིག་རེད། ཐེངས་ཤིག་ཁོང་གི་སྤོ་ལགས་གློ་བུར་དུ་ནད་གཞི་ལྕི་པོ་ཕོག་ནས་སྨན་ཁང་དུ་ལུས་པས། ཁོང་སྨན་རིན་ལ་སེམས་ཁྲལ་ཆེན་པོ་བྱུང་ནས་མིག་ཆུ་ཡང་ཤོར། དེ་དོན་ཤེས་རྗེས་མོང་ཚུང་རོང་གིས་ཡར་རྒྱུག་མར་རྒྱུག་བྱས་ནས་འཚམས་འདྲིའི་གུད་སྐྱོབ་དངུལ་རེ་ཞུ་བྱས་ཏེ་ཀུང་ཡོན་ལང་གི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ།

    རིམ་པ་གཉིས་པའི་དམག་དཔོན་ཀྲུའུ་ཅིའུ་ཁའེ་དང་བཟའ་ཟླས་གམ་པ་རྫོང་ནས་གཉེན་སྒྲིག་ལག་འཁྱེར་བླངས་པར་གངས་རི་དང་མཐའ་མཚམས་འགག་སྒོས་ཁོང་གཉིས་པོའི་ལྷད་མེད་བརྩེ་དུང་ལ་བདེན་དཔང་བྱས། མོང་ཚུང་རོང་གིས་ལེན་ཤོག་གི་དཔོན་དམག་སྒྲིག་འཛུགས་བྱས་ཏེ་ཀྲུའུ་ཅིའུ་ཁའེ་ལ་གསང་ནས་ས་གདན་དམར་པོ་དང་། རྟེན་འབྲེལ་མཚོན་བྱེད་ཀྱི་ཡི་གེ དར་ཚོན་བཅས་གྲ་སྒྲིག་བྱས། ཀྲུའུ་ཅིའུ་ཁའེ་ཡི་བཟའ་ཟླས་དམིགས་བསལ་གྱི་གཉེན་སྒྲིག་དེ་ངས་ཚེ་གང་བརྗེད་མི་སྲིད་ཅེས་བཤད།

    “ཁྱེད་ཀྱིས་ང་ཚོའི་བཀོད་འདོམས་པ་གཤིས་རྒྱུད་འཇམ་པོ་འབའ་ཞིག་རེད་སྙམ་ན་རྦད་དེ་ནོར་བ་རེད། ད་དུང་ཁོང་ལ་མིང་འདོགས་ཅིག་ཡོད་པ་དེ་ནི‘མེ་སྒྱོགས་ཆུང་ངུ’”ཟེར་ཞེས་འཐབ་འཛིང་པ་ལེའོ་ཤིང་གིས་སྐད་ཤུགས་ཆུང་ངུས་གསར་འགོད་པར་བརྗོད་བྱུང་།

    སྦྱོང་བརྡར་ར་བར་མོང་ཚུང་རོང་གིས་དམག་མིར་སྦྱོང་བརྡར་བྱེད་སྐབས། ནོར་འཁྲུལ་གྱི་འགུལ་སྐྱོད་ཕྲན་ཙམ་ཡང་ལམ་སེང་ཤེས་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པའི་བཀའ་འཕྲལ་མར་གཏོང་གི་ཡོད། སྤྱི་ལེ་གསུམ་གྱི་རྒྱང་རྒྱུག་ནང་མོང་ཚུང་རོང་གིས་དམག་མི་གཞན་འདེད་ཐུབ་ན་དེར་སྐོར་བ་ཐོལ་པ་གཅིག་རྒྱག་དགོས་པའི་ཉེས་ཆད་གཏོང་གི་ཡོད། འོན་ཏེ་ཁོང་གི་གཟུགས་པོ་ལྕགས་ལྟར་ཐང་ཤ་དོད་པས་ཕོ་ལོ་20ལ་སླེབས་ཙམ་གྱི་གཞོན་ནུ་ཡང་ཁོང་གི་རྗེས་མ་ཟིན་པར་སྦྱོང་བརྡར་འཕར་མ་བྱེད་པ་ལས་མ་འདས།

    “ང་ཚོས་སྒྲུབ་པའི་བྱ་བ་མི་ཚང་མས་ཤེས་དགོས་པའི་ངེས་པ་མེད། འོན་ཀྱང་དེ་ནི་ང་ཚོས་སྒྲུབ་དགོས་པའི་བྱ་བ་རེད”ལེན་ཤོག་གི་དམག་དཔོན་གཙོ་བོའི་སྤྱོད་ཚུལ་དེ་ཤོག་བུ་སྣུམ་ཟོས་བཞིན་ལེན་ཤོག་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

    “ཉིན་ཞིག་གི་ཉིན་དགུང་ལ་ལས་རེས་བྱེད་སྐབས། ལུང་མདོའི་འགྲམ་དུ་རླངས་འཁོར་འགའ་ཤས་མང་དུ་ཕྱིན་པ་ངས་མཐོང་ནས་ལམ་སེང་སྙན་སེང་ཞུས་པ་ཡིན། ཡུད་ཙམ་ཞིག་ལ་བཀོད་འདོམས་པས་མི་འགའ་ཤས་ཁྲིད་དེ་ཐག་གཅོད་བྱེད་པར་ཕྱིན་སོང”ལའེ་ཤིང་གིས“ང་ཚོ་ཉིས་སྟོང་ལོའི་ནང་སྐྱེས་པ་ཡིན་ནའང་། ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡིན་སྙམ་གྱི་འདུག ང་ཚོས་འདི་གར་ལས་ཀ་ཇི་ཙམ་བསྒྲུབས་ཀྱང་གཞན་གྱིས་ཤེས་དགོས་པའི་ངེས་པ་མེད། མེས་རྒྱལ་གྱིས་ཤེས་ན་འགྲིག”ཅེས་གད་མོ་དགོད་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།