རབ་བྱུང་གཅིག་གི་འཕོ་འགྱུར་གཏམ་བཟང་།
—— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ།
སྔོན་པོ་སྔོ་བསངས་བཻཌཱུརྱ་ཡི་མདོག །
དཀར་པོ་དཀར་གཙང་ཁ་བའི་མདངས་འཛིན་པ། །
ནམ་མཁར་ཆུ་འཛིན་མཛེས་པའི་གངས་ལྗོངས་འདིར། །
དུས་སྟོན་གྲ་རྒྱས་བཀྲ་ཤིས་ཉི་ཟླ་ཤར། །
རང་སྐྱོང་སྲིད་གཞུང་དངོས་སུ་དབུ་བརྙེས་ཏེ། །
བགྲང་བྱ་དྲུག་ཅུའི་རབ་ལོ་གཅིག་བརྒལ་ཚེ། །
ངོ་མཚར་རྨད་བྱུང་གྲུབ་འབྲས་ཁྲི་མ་འབུམ། །
འཛམ་གླིང་སྤྱི་བོའི་རྒྱན་དུ་ལྗིད་ཏིག་ཏིག །
རྣ་ཐོས་བརྒྱ་ལས་མིག་མཐོང་གཅིག་དགའ་ཞེས། །
དོན་ལ་འཕྲོད་པའི་ངེས་འབྱུང་རྙེད་པའི་གཏམ། །
འཛམ་གླིང་ཡང་རྩེ་སུམ་རྩེན་གཉིས་པའི་དཔེར། །
བཀོད་དེ་མི་འཚམ་སུས་ཀྱང་བརྗོད་མི་ཐུབ། །
མི་ཡུལ་འཕོ་འགྱུར་ཆེན་པོའི་དོན་ངོ་མ། །
བརྗོད་འདོད་བློ་ཡི་ཁ་ལོ་མི་འཆུན་པར། །
ཤྭ་འོད་ཐུར་དུ་ལན་མང་རྒྱུག་པ་འམ། །
དོན་ངོ་ཡིད་ཀྱི་མཚོ་མོ་རང་དགར་བརྡོལ། །
ཀླུང་ཐང་བྱེ་མའི་གཞོང་པ་གང་ས་གང་། །
རྩི་ཤིང་གཞོན་ནུ་ཚོགས་པའི་གླིང་གར་བསྒྱུར། །
མ་བོས་མགྲོན་དུ་ཁུག་པའི་སྤུ་སྡུག་ཚོགས། །
ཁོར་ལྗོངས་ལེགས་པའི་ཁྱིམ་ཚང་གསར་པར་འཚོ། །
གནའ་ནས་གྲགས་པའི་གྲོང་ཁྱེར་ལྷ་ས་ནས། །
འཛུཊ་སྐྲུན་རིམ་པ་འཕར་བའི་ས་གནས་རྣམས། །
གཅིག་རྗེས་གཉིས་བསྙེཊ་གྲོང་ཁྱེར་གསར་པ་ཡི། །
མཚན་སྙན་མིང་དོན་མཚུངས་པས་ཀུན་ཡིད་རངས། །
གཟུགས་མེད་དྲི་མེད་ཤུགས་ཅན་འབྱུང་བ་རླུང་། །
དབང་དུ་བསྡུས་པའི་རླུང་ཤུགས་གློག་དྲ་སྦྲེལ། །
ཕྱོགས་བཞི་མཚམས་བརྒྱད་ཁ་ཐོར་གྲོང་སྡེར་ཡང་། །
རླུང་ཤུགས་གློག་གི་སྐར་ཚོགས་རྣམ་པར་བཀྲ །
དེའི་ཚེ་གོ་ལ་ཉི་མར་ཐག་ཉེ་བའི། །
ས་ཁམས་ཁྱད་ཡོན་ཚན་རིག་རྩལ་གྱིས་འཛིན། །
ཚ་ཟེར་ཅན་གྱི་འོད་ནུས་བསྐུལ་བས་ཀྱང་། །
གློག་འོད་མུན་སེལ་དཔུང་རོགས་གསར་དུ་བསུས། །
ལ་ཉག་སྐེད་པའི་ངོགས་ནས་འཆར་བ་ཡི། །
རླངས་འཁོར་འགྲོ་ལམ་ཀྱག་ཀྱོག་པ་ཊའི་རིས། །
སྔོན་བྱུང་འགྲིམ་འགྲུལ་དཀའ་ཚེཊ་ལོ་ཟླ་ཡི། །
གཏམ་རྒྱུད་གསལ་པོར་འཆད་པའི་ལོཊ་རིས་བཞིན། །
ཏོག་ཏོག་སྐད་སྒྲས་ཕྱུགས་ལ་འདྲོགས་འགོ་བསླངས། །
མདུན་གྱི་འཁོར་ལོའི་སོ་ཡིས་ལམ་བུ་བྲད། །
ལག་སྐྱོར་འདྲུད་འཁོར་ཞིང་པའི་ལག་རོགས་རྣམས། །
བཀོལ་སྤྱོད་བདེ་བའི་གཟུཊ་བྱད་ལེགས་པོར་བསྒྱུར། །
ཚན་རིག་རྩལ་གྱིས་གྲུབ་པའི་འཕྲུལ་ཆས་རྣམས། །
སོ་ནམ་ཞིང་པས་ཁྱིམ་གྱི་བག་མར་བསུས། །
ཕྱུག་པོའི་བང་མཛོད་ཕྱུག་ཏུ་གཏོང་བ་ཡི། །
འཕྲུལ་ཆས་ནུས་པས་ལས་ཆོད་ལྡབ་འགྱུར་འཕར། །
སྔོན་ཚེ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ། །
ཞིང་པའི་ཕོ་གཞོན་ན་སོ་དར་ལ་བབས། །
མི་ཚེའི་ཕྱེད་དུ་རླངས་འཁོར་ཁ་ལོ་བསྒྱུར། །
དུས་རབས་གོང་འཕེལ་རླུང་གཤོག་རྟ་ཕོར་བཅིབས། །
གྲུ་བཞི་ནར་མོ་རྒྱ་རྡོ་བརྩིགས་པའི་སྤོ། །
ངར་ལྕགས་རྩིབས་མའི་སྒྲོམ་གྱིས་མཐོར་བཏེཊ་པའི། །
ཡིད་འོང་དྲོ་སྐྱིད་ལྡན་པའི་ཁང་བཟང་རྣམས། །
ལམ་ཟུར་ཀུན་ནས་ཚེམས་ཕྲེང་དགོད་པ་བཞིན། །
ལྕགས་ཀྱི་གླང་གོག་ཆེ་ཆུང་སྣ་ཚོགས་པ། །
ཞིང་ཐང་འདུལ་བར་དཔའ་བའི་ཤུགས་མི་ཆག །
རྨོན་པའི་བྱེ་བྲག་གཡག་དང་མཛོ་ཕོ་སོགས། །
སྤང་དང་རྫ་རིའི་སྟེང་དུ་ལྗོངས་རྒྱུར་ཆས། །
ལྷེབ་ལྷེབ་མཆུ་འགུལ་སྐབས་རེ་མགྲིན་གསང་བཏེཊ། །
“འོང་འོང”ཁ་ཡི་དུང་ཆེན་འབུད་བཞིན་དུ། །
ཆུ་ལ་རྩམ་པ་བརྒྱབ་པའི་སྐོམ་སེལ་ཉིད། །
གནང་བར་སྩོལ་ཞེས་བོང་བུས་སྦྱིན་བདག་འབོད། །
སྔོན་ཚེ་གང་ལ་དེ་མཁོ་སྡུག་བསྲན་ཆེ། །
བོང་བུར་ཞིང་པ་ཕྱུག་པོས་སྒོ་ཁ་རུ། །
སྔར་བྱས་དྲིན་ལན་གཟོ་བཞིན་སྐྱོང་བ་དེ། །
ལས་འབྲས་མ་རྙོག་ཚུལ་བཞིན་སྲུང་བ་བཞིན། །
གཏིང་མཐའ་མི་དཔོག་ནམ་མཁའི་མཐོངས་ཡངས་པོར། །
གནམ་གྲུས་རེག་ཐོགས་མེད་པའི་གཤོག་རྩལ་ངོམས། །
སྤྲིན་དང་བང་རྩལ་འགྲན་ཏེ་བྱེས་འགྲུལ་ཚོ། །
སེམས་ཉིད་ཕྱོགས་སར་ལུས་པོ་སྐྱེལ་བར་བྲེལ། །
ས་གཞིའི་པང་དུ་སྟོབས་ལྡན་མེ་འཁོར་བགྲོད། །
དངོས་ཟོག་བྱུར་བུར་གཏམས་པའི་རྡོག་ཁྲེས་ཁུར། །
ཤེད་ཤུགས་ངོམས་ཏེ་ལ་ཀླུང་ཡུད་ཀྱིས་བཅད། །
རླངས་འཁོར་རྣམས་ནི་རྒྱང་གཟིཊ་ལྟད་མོར་གཡེངས། །
དྲོད་ཀྱིས་ལང་ཚོ་རྙིད་ལ་དོགས་པ་ཡི། །
མར་གསར་ཀྲོ་ཁས་འཁྱག་སྒམ་ཕོ་བྲང་འཛིན། །
གློག་སྒུལ་མདོང་མོའི་སིར་སྒྲར་འགྲོཊ་འདོད་ཅིང་། །
ཇ་ཁུར་འདྲེས་པར་དགའ་བའི་ཚུལ་ཡང་མངོན། །
འབྱམས་ཀླས་འཛམ་བུའི་གླིང་བཞི་གླིང་ཕྲན་གྱི། །
བརྟག་མིན་བྱེད་འགུལ་དགའ་སྐྱོ་ཆགས་སྡང་སོགས། །
མ་ལུས་སྦར་མོའི་མཐིལ་དུ་བླངས་པ་བཞིན། །
ཁྱིམ་ཚང་སོ་སོའི་བརྙན་འཕྲིན་ངོས་ལས་གསལ། །
སྔར་སོང་ལོ་ཟླའི་འཕྲིན་ཡིག་འགྲུལ་བཞུད་དེ། །
རུས་སྦལ་རྒན་པོས་གོག་བགྲོད་རྒྱག་པ་བཞིན། །
དེང་རབས་ལག་ཐོགས་ཁ་པར་སྐད་འཕྲིན་གྱི། །
ཆ་འཕྲིན་མྱུར་སྐྱེལ་སྐར་མདའ་འཁྱུག་དང་མཚུངས། །
ཀྲུང་ཕྱི་བོད་བཅས་ལུགས་གསུམ་གསོ་རིག་གི །
ནད་བཅོས་གནད་སྨིན་དྲ་བ་ཕྱོགས་བཞིར་ཁྱབ། །
ཚེ་སྲོག་བར་དུ་གཅོད་པའི་ནད་ཀྱི་གདོན། །
སྨན་རྩལ་སྟ་རེས་དུམ་བུ་ལན་བརྒྱར་ཕྲལ། །
ལུས་སེམས་རྣལ་ལ་བབས་པའི་སྐྱེ་འགྲོའི་ལུས། །
ཟ་འོག་རི་མོ་མཛེས་པའི་གོས་ཀྱིས་བརྒྱན། །
གསེར་དངུལ་མུ་ཏིག་བྱུ་རུའི་རྒྱན་གྱིས་མཆོར། །
སྤྲོ་བའི་གདོང་ལ་འཛུམ་པའི་མེ་ཏོག་བཞད། །
གདུང་བ་མིང་གི་ལྷག་མར་གྱུར་པ་ཡི། །
སེམས་པའི་འགུལ་ཤུགས་རྐང་ལག་བཞི་ལ་ཁྱབ། །
གླུ་གར་རྒྱ་མཚོའི་མཚན་དོན་ངོ་སྤྲོད་ཀྱི། །
གླུ་གར་གཡང་ཞག་ས་མཐོའི་པང་དུ་འཁྱིལ། །
གང་དང་ཅི་ཡང་ལོངས་སུ་སྤྱོད་པ་ཡི། །
བདེ་སྐྱིད་སྟོན་གྲངས་ཞེས་པའི་མིང་ཚིག་དེས། །
དབུལ་པོ་ཞི་སྟེ་ཕྱུག་འགྱུར་གཏམ་གྱི་ཐོ། །
རིམ་བཞིན་བརྩེགས་པས་སྒོ་གསུམ་རབ་ཏུ་མྱོས། །
རྒན་པོ་ཚོགས་པའི་སྤྱི་ཚོགས་མ་ཡིན་གྱི། །
ཚེ་རིང་ལོ་རྒན་མང་བའི་དུས་རབས་ཡིན། །
ལོ་རྒྱུས་ངག་ལས་འཇོ་བའི་བགྲེས་སོང་ཚོས། །
སྐུ་ཚེ་བྲག་ལས་བརྟན་པའི་གཟུགས་བརྙན་འཛིན། །
སློབ་གསོ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི། །
ཤེས་བྱའི་མེ་ཏོག་ལྡུམ་ར་བག་ཡངས་པོར། །
བློ་གསལ་ན་ཆུང་ཚོགས་ནི་བུང་བའི་ཁྱུ། །
གེ་སར་བཅུད་ལ་མྱོང་བཞིན་ཤེས་བྱར་རྩེན། །
སོར་རྩེའི་རྩལ་ལས་ཐོན་པའི་ངོ་མཚར་ཆེ། །
ལུགས་མང་ཐང་གའི་འཇའ་ཚོན་བཀྲ་བ་སྟེ། །
མངོན་མིན་རིག་གནས་ཤུལ་བཞག་མཛེས་རིས་སོཊ། །
རྣམ་གྲངས་ཀུན་ཚང་དུས་བཞིར་དཔྱིད་དཔལ་བཞད། །
སྔར་སོང་རྒྱུན་འཛིན་གོང་དུ་སྤེལ་བའི་ཕྱིར། །
ཤུལ་བཞག་རྒྱུན་འཛིན་བྱེད་པོ་ཁྱུ་དང་ཁྱུར། །
ལྗོངས་དང་རྒྱལ་ཁབ་གྲོང་ཁྱེར་རིམ་པར་བཅས། །
གོ་བབ་མིང་ཐོབ་བསྐལ་བཟང་དགའ་སྟོན་ཤར། །
ས་མཐོར་གཞིས་ཆགས་མི་རིགས་སྤུན་ཟླའི་ཚོཊ། །
སེམས་མཐུན་དཔུང་ཤུགས་མཉམ་དུ་བསྒྲིལ་བ་ཡི། །
རྒྱང་ལམ་གསར་པར་ཀྲུང་གོའི་ཕུགས་འདུན་ཆེ། །
གངས་ལྗོངས་རྨད་བྱུང་གཏམ་རྒྱུད་རྩོམ་པར་བྲེལ། །
རི་མཐོ་ཆུ་གཙང་ཞིང་ཁམས་སྐྱིད་པའི་ལྗོངས། །
ལྗོངས་ཀུན་གསེར་དངུལ་ཟངས་སོགས་ལྕགས་ཀྱི་རིཊ། །
རིཊ་ཀུན་གཏེར་རྫས་གཏམས་པའི་ཡུལ་གྱི་མཆོག །
མཆོག་གྱུར་གངས་ཅན་སྐྱིད་ནས་སྐྱིད་དུ་གྱུར། །
ས་མཐོའི་འཇིག་རྟེན་འཚོ་བའི་རྒྱ་མཚོ་རུ། །
བདེ་སྐྱིད་རིན་ཆེན་དུ་མའི་མདངས་བཟང་བཀྲ། །
དུས་རབས་གོང་འཕེལ་རླབས་རྒྱུན་མཁའ་ལ་འཕྱོ། །
དགའ་བདེའི་དགོད་སྒྲ་འབྲུག་སྟོང་ལྡིར་དང་མཚུངས། །
བཤད་ན་བཤད་པས་མི་ཚར་གྲུབ་འབྲས་དང་། །
ཉན་ན་ཉན་པས་མི་ཚར་གཏམ་བཟང་པོ། །
མང་པོ་ཉུང་ངུར་བསྡུས་པའི་བདུད་རྩིའི་བཅུད། །
རྟེན་འབྲེལ་ཕྱྭ་གཡང་འགུགས་པའི་རྟགས་སུ་ཕུལ། །