མི་ཞིག་བྲིས་པ།
ཞོགས་པའི་ཉི་ཟེར་ཤར་རིའི་ཕྲག་པ་ནས། །
སྔོ་ལྗང་གཡུ་ཡི་རྩྭ་ཐང་སྟེང་ལ་འཕྲོས། །
ང་ཡིས་སྦྲ་གུར་ཚོམ་བུའི་འབྲོག་སྡེ་དང་། །
རྟ་ནོར་ལུག་གསུམ་སྤང་ལ་ཁྱབ་པ་བྲིས། །
དཀར་ཞིང་གཙང་བའི་རང་གི་སེམས་ནང་དུ། །
སྐར་ཚོགས་ལྟ་བུའི་ཕ་མ་སྤུན་མཆེད་བྲིས། །
ལྷིང་ཞིང་འཇགས་པའི་མཚན་ལྗོངས་རིང་མོ་དེར། །
ཡོངས་སུ་བཀྲ་བའི་སྣང་བརྙན་ཁོ་བོས་བྲིས། །
ཕྲ་ཚོམ་མེ་ཏོག་བཞད་སའི་སྤང་ཐང་ལ། །
སྐྱིད་སྣང་ཅན་གྱི་མི་ཞིག་ཞིབ་ཏུ་བྲིས། །
གླུ་གར་སྟངས་སྟབས་གཟིགས་མོར་རོལ་བཞིན་དུ། །
སྣང་བ་དབྱངས་ལ་ཐིམ་པའི་ལེའུ་བྲིས། །
ཁ་བ་བུ་ཡུག་འཚུབ་པའི་མཚན་ལྗོངས་སུ། །
མིག་ཟུང་ཀྲིག་ཀྲིག་ཅན་གྱི་གློག་སྒྲོན་བྲིས། །
ཙག་དང་རླུང་བུ་ཤེད་ཀྱིས་ལྡང་ནའང། །
ནང་སེམས་དྲོད་ཀྱིས་བཀང་བའི་མི་ཞིག་བྲིས། །
རང་ལ་དབང་བའི་ཤིང་ཁང་སྣེ་མོ་རུ། །
རང་སེམས་མཐུན་པའི་མི་ཞིག་ལྐོག་ཏུ་བྲིས། །
ཕན་ཚུན་བརྩེ་འཛུམ་དགོད་སྒྲ་འཁྱིལ་བ་དང་། །
ཧ་ཅང་དྲོད་ཁོལ་ཅན་གྱི་འཚོ་བ་བྲིས། །
བརྩེ་བ་མ་བཅོས་རང་གི་སེམས་ནང་དུ། །
རང་སེམས་ཤོར་བའི་སྙིང་གི་མཛའ་མོ་བྲིས། །
སྐྲ་ལོ་རིང་ཞིང་གོམ་ཁ་ལྷོད་པ་དང་། །
ང་ཡི་ཕྱོགས་སུ་ཡོང་བའི་གོམ་འགྲོས་བྲིས། །
མགོ་བོ་དགྱེ་ནས་མཁའ་ཡི་ཟླ་བར་བལྟས། །
འཛུམ་ཆུང་གྲོལ་ཏེ་ཕ་ཡུལ་དྲན་པ་བྲིས། །
ལག་པ་རུམ་ལག་བཅད་ནས་ཁེར་རྐྱང་དུ། །
ཁྱེད་ཉིད་དྲན་པའི་མི་ཞིག་གསེབ་ཏུ་བྲིས། །
སྟག་ཤར་གཞོན་ནུ་ཁ་ཞག་གྱི་ལེར་འཛོམས། །
སྨན་ཆུང་བུ་མོ་སྣུམ་ཞག་འཁྱིལ་ལེར་འོངས། །
དབུ་སྐྲ་དུང་ལས་དཀར་བའི་བགྲེས་སོང་གིས། །
ཚ་བོ་ཚ་མོར་སློབ་གསོ་གནང་བ་བྲིས། །
ལན་བུ་བསླས་ཏེ་འཇོ་སྒེག་ལྡེམ་པ་དང་། །
འབྲི་མོའི་ངུར་སྒྲ་འཁྱིལ་སའི་ལྷས་འདབས་བྲིས། །
ཕ་མར་བྱམས་ལ་ཕུ་ནུར་བརྩེ་བ་ཡི། །
ཚེགས་དང་གོམ་ཁ་ཡང་བའི་མཛའ་མོ་བྲིས། །
སྐྲ་ལོའི་གསེབ་ལ་ཚི་དྲེག་ཡོངས་གང་བའི། །
ནོར་གནག་སུག་རྗེས་སྙེག་པའི་མི་ཞིག་བྲིས། །
སེན་མགོ་རྣག་དང་སེམས་རྩ་དཀར་བ་ཡི། །
སྦྲང་དཀར་རྩམ་པ་ཟ་བའི་འབྲོག་པ་བྲིས། །