དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལྷ་མོ།
  • སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་བས་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་རྒྱས་པ།

    མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ཉམས་ལེན། ཁྱད་ལྡན་དངོས་ཟོག་ཡག་པོ་འགྲེམས་ཚོང་བཅས་རང་ལྗོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་འཁྲུག་ཆ་ཧ་ཅང་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    ཉེ་ཆར། “མངོན་མིན་རིག་གནས་ཤུལ་བཞག་དེང་དུས་འཚོ་བར་བསྟུན་ན་མི་ཉམས་གོང་དུ་འཕེལ་སྲིད”ཅེས་པའི་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི“ལྷ་མོའི་འཁྲབ་སྟོན་ནམ་དུས”ཀྱི་བྱེད་སྒོ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་དེ་མངོན་མིན་རིག་གནས་ཤུལ་བཞག་ལ་ཉམས་ལེན་དང་། ཐོན་རྫས་འགྲེམས་ཚོང་། ལྷ་མོ་འཁྲབ་སྟོན་བཅས་ཆ་ཤས་གསུམ་ལས་གྲུབ་པ་དང་། ལྟད་མོ་ཆེ་བའི་འཁྲབ་སྟོན་ལ་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་ལྷ་མོ་རུ་ཁག་གིས་ལྷ་མོའི་འཁྲབ་གཞུང《དྲི་མེད་ཀུན་ལྡན》འཁྲབ་བཞིན་པ།

    ཉིན་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་སྤེལ་ཏེ། ཕུལ་དུ་བྱུང་བའི་མི་རིགས་ཀྱི་གླུ་གར་གཅིག་སྡུད་འཁྲབ་སྟོན་བྱེད་པ་དང་། དབྱིངས་ཞུགས་རྣམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ལས་སྟེགས་སྐྲུན་པ། མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཡིད་དབང་འཕྲོག་པའི་གླེང་མོལ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་ཡོད་པ་དང་། དམངས་ཡོངས་ཞུགས་པའི་སྤྲོ་སེམས་འཕེལ་བ། གསར་བཟོ་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བཀྲག་མདངས་གསར་པ་འཚེར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་རིག་གནས་ཀྱི་མོས་སེམས་དང་སྤོབས་སེམས་སྔར་བས་ཆེ་རུ་བཏང་ཡོད།

    ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་དུ་གཉེར་ཞིང་། ལྗོངས་ཕྱི་ནང་གི་སྐུ་མགྲོན་ཆིག་སྟོང་ལྷག་ཙམ་ཡར་ཀླུང་གཙང་པོའི་ངོགས་སུ་འཛོམས་ཏེ། ཐུན་མོང་ཐོག་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་འདིར་བདེན་དཔང་བྱས་ཡོད། འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་ལྟད་མོ་ཆེ་བའི་འཁྲབ་སྟོན་སྣ་ཚོགས་ཡོད་ཅིང་། ལྷོ་ཁའི་བྲོ་དང་། ནག་ཆུའི་གླིང་སྒྲུང་། མངའ་རིས་ཀྱི་ཤོན་སོགས་ཀྱི་ལེ་ཚན་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། འགོ་ཚུགས་མཛད་སྒོའི་ཐོག་ད་དུང་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར“གངས་ལྗོངས་ནོར་བུའི་བང་མཛོད། བོད་མིའི་འབྱུང་གནས་ལྷོ་ཁ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ནང་དོན་ལ་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་བྲིན་ཚོང་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བློ་གསར་ཐོན་རྫས་ཉམས་ལེན་འགྲན་བསྡུར། དེ་བཞིན་དྲ་ཐོག་འགྲེམས་སྟོན། སྲོལ་རྒྱུན་རྟ་རྒྱུག མངོན་མིན་རིག་གནས་ཤུལ་བཞག་གི་གོས་རྒྱན་ཤོམ་འགྲོས། ཚོང་འགུགས་མ་འདྲེན་དང་རྣམ་གྲངས་གན་འཇོག ལྷ་མོ་འཁྲབ་སྟོན་སོགས་ཚུད་ཡོད། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་དྲུང་ཆེ་བསྟན་བཟང་གིས“ང་ཚོས་ལྷ་ས་ནས་ལྷོ་ཁ་བར་གྱི་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམས་བོད་མིའི་འབྱུང་གནས་ལྷོ་ཁར་མཉམ་འཛོམས་ཀྱིས་མངོན་མིན་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་འདིར་རོལ་བར་གདན་འདྲེན་ཞུ་གི་ཡིན”ཞེས་བརྗོད།

    ཉེ་ཆར། “མངོན་མིན་རིག་གནས་ཤུལ་བཞག་དེང་དུས་འཚོ་བར་བསྟུན་ན་མི་ཉམས་གོང་དུ་འཕེལ་སྲིད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དུ་འགོ་ཚུགས་ཤིང་། ཐེན་ཅིན་དང་། ཁྲུང་ཆིང་། ཧྥུའུ་ཅན། ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་60ལྷག་ཙམ་དང་། ཡུལ་སྐོར་བ་100ལྷག་ཙམ། མང་ཚོགས་200ལྷག་ཙམ་བཅས་བྱེད་སྒོར་ཞུགས་ཡོད།

    ད་ཐེངས་ཀྱི་བྱེད་སྒོ་ཟླ་6ཚེས་16ཉིན་བར་སྤེལ་བ་དང་། དེའི་རིང་ད་དུང་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་གླེང་མོལ་ཚོགས་འདུ་དང་། “ངས་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་གི་མགྲིན་ཚབ་པ་བྱེད”ཅེས་པའི་བརྙན་ཐུང་འགྲན་བསྡུར། དྲ་ཐོག་ཉོ་སྒྲུབ་དུས་ཆེན། རིག་གནས་ཡུལ་སྐོར་མཉམ་འདྲེས་བྲིན་ཚོང་བྱེད་སྒོ “འགྲུལ་འཁོར་ཆེན་པོར་བསྡད་ནས་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་ལ་ལྟ་བ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་བཏང་ཡོད།

    ཉེ་ཆར། དུས་ཡུན་ཉིན་3རིང་གི་ནག་ཆུ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དགའ་བས་བསུ་བ་དང་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་ནག་ཆུའི་ཧྲེན་ལི་དུས་རབས་ཐང་ཆེན་དུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོར་ནག་ཆུ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དང་རིག་གནས་བསམ་བཀོད་ཁེ་ལས་ཁག་28དང་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཁག་5གདན་དྲངས་ནས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱས་ཏེ། ཐང་ག་དང་། སྤོས། འུར་རྡོ། ལས་ཤེས་བསླས་འཐག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་ཟོག་ཡག་པོ་དང་། དེ་བཞིན་ཞིང་འབྲོག་ཐོན་རྫས། ཁྱད་ལྡན་ཞིམ་ཟས་བཅས་གཅིག་སྡུད་འགྲེམས་སྟོན་བྱས་པར་མང་ཚོགས་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་། དེ་ཉིན་གྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་8.86ཟིན་ཡོད།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དགའ་བས་བསུ་བ་དང་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་རྣམ་གླིང་རྫོང་དུ་འགོ་ཚུགས་ཤིང་། འགོ་ཚུགས་ཞབས་བྲོ《བཀྲ་ཤིས་བསྟོད་གླུ》ཞེས་པའི་རྔ་སྒྲ་གྲགས་པ་དང་བསྟུན་ནས་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད། བྱེད་སྒོ་དེས་དུས་རབས་ཀྱི་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་བརྒྱུད་སྤྲོད་བྱས་ཏེ“རྟེན་འབྲེལ་ཆེ་མོ་བསུ་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ། མཉམ་དུ་འབད་འབུངས་མདུན་དུ་སྐྱོད་པ”བཅས་ཀྱི་སྤྲོ་སེམས་འཁོལ་བའི་རྣམ་པ་བཏོད་ཡོད། བྱེད་སྒོ་སྤེལ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཁུལ་དུ་ཡང་བཀྲག་མདངས་འཚེར་ས་མང་པོ་མངོན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་18ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་དང་། ཞིང་འབྲོག་ཐོན་རྫས། ལག་ཤེས་བསླས་འཐག་ཐོན་རྫས་སོགས་འགྲེམས་ཚོང་བྱེད་པ་དང་། འབྲེལ་ཡོད་ཚན་པས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བློ་འདྲི་ཞབས་འདེགས་ཞུ་བ། དྲིལ་བསྒྲགས་ལག་དེབ་དང་དྲན་རྟེན་དངོས་པོ་སྤྲོད་པ་བཅས་བྱས་ཡོད།

    ཉེ་ཆར། མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། “མངོན་མིན་རིག་གནས་ཤུལ་བཞག་དེང་དུས་འཚོ་བར་བསྟུན་ན་མི་ཉམས་གོང་དུ་འཕེལ་སྲིད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པར་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཞུགས་ཡོད། ལྟད་མོ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་འཁྲབ་སྟོན་ཁྲོད་བྱེད་སྒོ་འགོ་ཚུགས་ཤིང་། མངའ་རིས་ས་ཁུལ་གྱི་རྫོང་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་རེས་མོས་ངང་ལག་རྩལ་ངོམ་སྟོན་བྱས་ཡོད། “གཞས་པ་གཞས་མ”སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་བཅུ་ལྷག་ཙམ་གོ་རིམ་ལྡན་པའི་ངང་འཁྲབ་སྟོན་བྱས་པ་དང་། ཞབས་བྲོ་འཁྲབ་མཁན་ཚོས་སྟངས་སྟབས་འཁྱུག་པའི་ལུས་ཀྱི་ཉམས་འགྱུར་དང་སྤྲོ་སེམས་འཕེལ་པའི་རྔ་སྒྲ་ལ་བརྟེན་ནས་མངའ་རིས་ཀྱི་ལོ་ངོ་སྟོང་གི་རིག་གནས་ཀྱི་སྙིང་བཅུད་གང་ལེགས་མངོན་པར་བྱས་ཡོད། གཞན་ཡང་། བྱེད་སྒོར་ད་དུང་མངོན་མིན་རིག་གནས་ཤུལ་བཞག་ངོ་སྤྲོད་འགྲེམས་སྟོན་བྱང་བུ་བཙུགས་ནས། པར་རིས་དང་ཡི་གེའི་ཐོག་ནས་ངོ་སྤྲོད་བྱས་པ་བརྒྱུད་མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་གཏིང་ཟབ་བྱས་ཤིང་། མངའ་རིས་ས་ཁུལ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས“ད་ཐེངས་ཀྱི་བྱེད་སྒོར་རྣམ་པ་སྣ་ཚོགས་བརྒྱུད་གནའ་བོའི་རིག་གནས་ཤུལ་བཞག་ལ་གསོན་ཤུགས་རྒྱས་པར་བྱས་པས། མངོན་མིན་རིག་གནས་ཤུལ་བཞག་དང་མང་ཚོགས་དབར་ཉེ་བཅར་བྱུང་ཡོད་ལ། མི་རྣམས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་པར་སྐུལ་སྤེལ་ཡང་ཐུབ་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།