དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་རྡོ་རྗེ།   |     སྤེལ་དུས།  2025-07-01

    ལམ་གྱི་ཆེད་དུ་ལམ་ལ་ཆས། ལམ་ནི་རེ་བས་ཁེངས་པ་ཞིག་ཡིན་ལ། ལམ་ནི་འོད་སྣང་གིས་ཁྱབ་པ་ཞིག་ཡིན།

    འཇིག་རྟེན་འདིར་ཡོང་དོན་ཡང་། ལམ་དུ་བགྲོད་པའི་ཆེད་དུ་ཡིན་ལ། ལམ་གྱིས་ང་ཚོ་ཡི་རིན་ཐང་འཇལ། ལམ་གྱིས་ང་ཚོ་ལ་གདམ་ག་སྟེར། ལམ་གྱིས་ང་ཚོར་ཁ་ཕྱོགས་སྟོན། ལམ་གྱིས་མི་ཚེར་འོད་སྣང་སྩོལ།

    ལམ་ན་ཕུགས་འདུན་གྱི་ས་བོན་ཡོད། རྒྱང་རིང་གི་བྱ་གཞག་ཡོད། ལམ་ཡོད་པ་ནས་ང་ཚོ་ནམ་ཡང་ལམ་དུ་ཆས་བཞིན་ཡོད། རང་ཉིད་འཕེལ་རྒྱས་དང་འཐུས་ཚང་གཏོང་གིན་ཡོད། ལམ་ཡོད་པ་ནས། ང་ཚོ་ནམ་ཡང་རྒྱང་དུ་སྐྱོད་བཞིན་ཡོད། འདུན་མ་དང་ཉེ་བར་བཅར་བཞིན་ཡོད། ལམ་ནི་མི་ཚེ་འདི་ཡི་གར་སྟེགས་ཡིན། མི་ཚེ་ཞེས་པ་ཡང་། དོན་དུ་ལམ་ཕྲན་ཆུང་ཆུང་འདི་ཡིན་ལ། ལམ་ཕྲན་ཆུང་ཆུང་འདི་རུ་འགྲོ་བའི་བརྒྱུད་རིམ་ཡིན།

    བཞུད་ཟིན་པའི་ལོ་ཟླའི་གྲིབ་གཟུགས་རེ་རེ་དང་མཛེས་སྡུག་གི་ལང་ཚོའི་འཇའ་རིས་རེ་རེ། ད་དུང་། དགའ་སྐྱོ་མཉམ་འདྲེས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཡོད་ཚད་ཀྱང་ལམ་གྱིས་བདེན་དཔང་བྱེད་ངེས་ལ། ལམ་ནི་རང་ཉིད་ཀྱི་བདེ་སྡུག་ཡོད་ཚད་ལ་བདེན་དཔང་བྱེད་མཁན་གྱི་རྒྱབ་རི་ཡིན།

    འཇིག་རྟེན་འདིའི་གཞི་ཁྱོན་ཇི་ལྟར་ཆེ་ན། ལམ་ཡང་དེ་ལྟར་བསྲིངས་ཡོད། ལམ་ལ་མཐའ་མེད་པས། ཁྱོད་ཀྱི་བློ་ཁོག་དང་མཁྱེན་དཔྱོད་ཀྱང་ལམ་ཇི་བཞིན། ཁབ་མིག་ལྟ་བུའི་གུ་དོག་གི་རྒྱ་ལས་གྲོལ་ཏེ། ལམ་གྱི་རྗེས་སུ་ཉུལ་ཆོག

    ལམ་ནི་ཕྱི་གསལ་ནང་གསལ་གྱི་འོད་ཀྱི་མེ་ལོང་ཞིག་ཡིན། ཁྱེད་ཀྱི་ཁེར་རྐྱང་དང་ན་ཟུག སྐྱོ་གདུང་དང་མིག་ཆུ། ཕམ་ཁ་དང་ཚིག་ཟུར་གྱིས་བཟོས་པའི་རྨ་ཁ་དག ལམ་གྱི་སེམས་ན་གསལ། དེས་ན། གཏན་དུ་འགྲོགས་པའི་ལམ་འདི། ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་། ཅི་འདྲའི་བློ་གཏད་རུང་བ་ཞིག་རེད། འགྱུར་མེད་ཀྱི་དཔུང་ཡ་གཅིག་པུ། ལམ་མ་གཏོགས་ཡོད་མི་སྲིད།

    སྙིང་ཉེ་བའི་མི་ལགས། ལམ་དུ་ཞུགས་རྒྱུ་མ་བརྗེད་རོགས། རང་ཉིད་ཀྱི་ལམ་དེ་མ་ནོར་རོཊ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།