དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཏང་གི་གཟི་འོད་ཕྱོགས་བཅུར་ཁྱབ།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་བསུ་བ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ལྷོ་བཀྲ་རྒྱལ།   |     སྤེལ་དུས།  2025-06-29

    ཀྱེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། ཁྱེད་ཀྱི་སྔར་སོང་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཚེ། དེ་ནི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ལོས་རེད་དེ། ཀྲུང་ཧྭའི་ས་གཞི་ཆེན་པོར་དཔའ་བོ་བགྲང་ལས་འདས་པས་རང་སྲོག་བློས་གཏོང་གིས་ཟུངས་ཁྲག་དམར་པོ་ས་གཞི་འདིར་སྟོར་ནས་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་ཀྱི་ས་བོན་བཏབ།

    ཀྱེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། ཁྱེད་ཀྱི་དཔའ་ངར་དང་བློ་སྟོབས་ལ་གཞོམ་གཞིག་བྲལ་བས། བཙན་རྒྱལ་རིང་ལུགས་ཀྱི་གཡོ་ཇུས་ཐལ་བའི་རྡུལ་དུ་བརླགས་ཤིང་། འབར་མདེལ་དང་རྣོ་དབལ་གྱི་མཚོན་ཆའི་འོག་ནས། ཞུམ་པ་མེད་པར་ཡར་ལངས་ཏེ་ཏང་དར་དམར་པོ་མཐོན་པོར་བསྒྲེངས།

    ཀྱེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། ཁྱེད་ཀྱི་མཛད་པ་ནམ་མཁའི་མཐའ་དང་། ཁྱེད་ཀྱི་མཚན་སྙན་འཛམ་བུའི་གླིང་དུ་གྲགས། ཁྱེད་ཀྱིས་སྲ་མཁྲེགས་འབར་འབུར་གྱི་བྲག་རི་གཡང་གཟར་རྣམས་གཏོར་ཞིང་། ཀྱག་ཀྱོག་གི་རྐང་ལམ་ཕྲ་མོར་གསར་གཏོད་ཀྱི་གཞུང་ལམ་བཏོད། ཁྱེད་ནི་རེ་བ་གསར་པ་འདྲེན་པའི་སྐྱ་རེངས་ཀྱི་བུ་མོ་ལགས་ཏེ། རྙིང་ཞེན་བག་འཁུམས་ཀྱི་མུན་པའི་ཡོལ་བ་མཐུག་པོ་ཁད་ཀྱིས་ཕྱེ།

    ཀྱེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། ཁྱེད་ནི་བདག་དང་བདག་འདྲ་བའི་ཀྲུང་ཧྭ་མི་རིགས་ཀྱི་བུ་ཕྲུག་དུང་ཕྱུར་མང་པོར། ཞིམ་མངར་ནུ་ཞོ་སྦྱིན་མཁན་གྱི་དྲིན་ཅན་མ་མ་ཉིད་དང་ཡོངས་སུ་མཚུངས་ཤིང་། ཁྱེད་ཀྱི་རོ་བཅུད་སྟོང་ལྡན་གྱི་འོ་སྤྲིས་དྭངས་མ་ལས། ཤེས་དཔལ་གྱི་ཁྱེའུ་ཇི་སྙེད་ལ་ཤེས་རིག་གི་ཤ་ཤེད་རྒྱས། ངོ་མ་ཁྱེད་ནི་ནམ་ཡང་བརྩེ་བས་ཕྱུག་ཅིང་བརྗོད་དོན་ཟབ་པའི་སྙན་ངག་མཚར་པོ་ཞིག་རེད་ཨང་།

    ཀྱེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། ཁྱེད་ལ་ཕྱོགས་ལྷུང་གི་བསམ་པ་བྲལ་ཞིང་དྲོད་ཁོལ་གྱི་བྱམས་བརྩེ་ལྡན་པས། མཁའ་དབྱིངས་ཀྱི་རྟ་བདུན་དབང་པོར་འགྲན་པར་བཟོད། ཁྱེད་ཀྱི་བློ་ཁ་དྲང་བདེན་ལ་ཕྱོགས་པས། མི་རིགས་ང་དྲུག་གི་མཐུན་སྒྲིལ་གྱི་སྟངས་སྟབས་གཅིག་ཏུ་བསྒྱུར། དུས་དེ་ནས་བཟུང་། ངའི་བརྩེ་དུང་གི་འདུན་པ་ཡོད་ཚད་ཁྱེད་ལ་ཤོར། ལྷག་བསམ་གྱི་གོམ་ཁ་དང་པོ་ཁྱེད་ཕྱོགས་སུ་སྤོས། དེ་དག་ནི་ངའི་ལྷད་མེད་ཀྱི་བརྩེ་བ་དྭངས་མ་དེ་ཡིན་ཞེས་ཞུས་ཆོག

    ཀྱེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། གལ་ཏེ་ཁྱེད་མེད་ན། མི་རིགས་ང་དྲུག་གི་འགྲོ་དོན་སུ་ཡིས་བྱེད། གལ་ཏེ་ཁྱེད་མེད་ན། ཀྲུང་གོའི་ཕུགས་འདུན་སུ་ཡིས་མངོན་འགྱུར་བྱེད། གལ་ཏེ་ཁྱེད་མེད་ན། བོད་གསར་འཛུགས་སྐྲུན་གྱི་ལམ་སྣེ་སུ་ཡིས་མཛད། གལ་ཏེ་ཁྱེད་མེད་ན། བྲན་གཡོག་ལམ་ལུགས་ཀྱི་ལྕགས་སྒྲོག་ཇི་ལྟར་སྒྲོལ། ཨེ་མ། ཁྱེད་ཀྱི་ངོ་མཚར་ཆེ་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་། བྱམས་བརྩེའི་ཐུགས་ཁུར་ལས་འཛམ་གླིང་ཡང་རྩེའི་མཚོ་བོད་ས་མཐོར། མེ་འཁོར་དང་མཁའ་གྲུའི་གཤོག་རྩལ་ངོམས་པར་བྱས་ཏེ། མུ་ལ་མུ་འབྲེལ་གྱི་རི་བོ་དང་མཐའ་ཡས་པའི་རྒྱ་མཚོའི་བར་ཐག་སྐད་ཅིག་སྐད་ཅིག་ཏུ་ཇེ་ཐུང་ནས་ཇེ་ཐུང་དུ་བཏང་།

    རེད་ཨང་། ཁྱེད་ཀྱི་ལོ་བརྒྱའི་དཀའ་སྤྱད་འབད་འབུངས་ཀྱི་གྲུབ་འབྲས་དག བྲིས་ནས་ཚར་རྒྱུ་མེད་པའི་ལོ་རྒྱུས་སྙན་ངག་རིང་མོ་ཞིག་རེད་ཨང་།

    ཀྱེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། ང་ཚོས་འདི་ནས་གླུ་གར་གྱི་མཆོད་པ་ཁྱེད་ལ་ཕུལ་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་རེ་བས་ཁེངས། ང་ཚོས་འདི་ནས་བཀྲ་ཤིས་པའི་དཀར་གཙང་གི་མཇལ་དར་ཁྱེད་ལ་བསྒྲོན་ཏེ། ང་ཚོའི་བརྩེ་སེམས་དྭངས་མ་མཚོན་པར་བྱེད། ང་ཚོས་འདི་ནས་ཤིས་ཚིག་གི་མེ་ཏོག་ཁྱེད་ལ་སྟོར་ནས། རླབས་ཆེན་མེས་རྒྱལ་གྱི་མངའ་ཐང་ནམ་ཡང་རྒྱས་པའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།