དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འགྲིམ་འགྲུལ་བྱ་གཞག་གི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  དོན་གྲུབ།   |     སྤེལ་དུས།  2025-06-29

    བོད་ཀྱི་གྲོང་གསེབ་གཞུང་ལམ་གྱི་མཛེས་ལྗོངས།

    ང་རང་ཕ་ཡུལ་གྱི་པང་དུ་ལོག་རིམ་བཞིན་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོའི་འོད་ཟེར་ལས་ས་གཞི་ཆེན་པོར་རེ་བའི་མྱུ་གུ་འབུས་པ་མཐོང་གི་འདུག་ལ། གྲོང་ཚོའི་ཕྱོགས་བཞི་ནས་རྒྱུས་མངའ་ཆེ་བའི་དྲི་ངད་མངར་སང་སང་དུ་འཐུལ་བའི་ཁྲོད་དུ་ཡུལ་མི་རྣམས་ཀྱིས་ཉེ་བའི་ལོ་ཤས་རིང་གྲོང་ཚོའི་གང་སར་འཕེལ་རྒྱས་ཆེན་པོ་ཕྱིན་པའི་སྐོར་གླེང་བཞིན་པ་གང་ས་གང་ནས་ཐོས་ཀྱི་འདུག ངའི་ཕ་ཡུལ་ནི་བོད་ཀྱི་གྲོང་ཁྱེར་གཉིས་པར་གྲགས་པའི་གཞིས་རྩེའི་ཤར་ཕྱོགས་ཀྱི་སྤྱི་ལེ་45ཡི་སར་ཡོད་པ་དང་ཤར་ལྷོ་ནུབ་གསུམ་རི་བོས་བསྐོར་ནས་ཡོད། ཆུང་དུས་སྤོ་བོ་ལགས་ཀྱིས་ཁོང་གི་ཕ་ཡུལ་རྒྱལ་རྩེ་ནས་ཡིན་པ་དང་། ལོ་ན་ཉི་ཤུ་རྩ་གཉིས་ལ་སླེབས་དུས། སྐབས་དེ་དུས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཡག་ཤོས་ཏེ། གཡག་ལ་བཞོན་ནས་ལ་རྒྱབ་ཀླུང་བརྒལ་བྱས་ཏེ་ད་ལྟའི་གྲོང་ཚོ་འདིར་མག་པར་ཡོང་བ་ཡིན་ཞེས་གསུངས་པ་དང་། ཡང་ཨ་མ་ལགས་ཀྱིས་ཁོང་གི་ཕ་ཡུལ་པ་སྣམ་ནས་ཡིན་པ་དང་། ད་ལྟའི་ཁྱིམ་དུ་སྐབས་དེ་དུས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཡག་ཤོས་ཏེ། ཐེར་གེར་བསྡད་ནས་མནའ་མར་སླེབས་པ་རེད་ཅེས་གསུངས་ཀྱི་འདུག ན་སོ་དར་ལ་བབས་པའི་ཁོ་བོས་ད་ལྟའང་སྔར་བཞིན་གསལ་པོར་དྲན་པ་ནི། རང་ཉིད་ལོ་གསུམ་བཞིའི་སྐབས་སུ་ཨ་མ་ལགས་དང་མཉམ་དུ་པ་སྣམ་གྱི་ཞང་པོའི་ཁྱིམ་དུ་འགྲོ་དུས་འགྲིམ་འགྲུལ་ཡོ་བྱད་ནི་ཐེར་གེ་ཡིན་པ་དང་། ཐོ་རེངས་ནས་ཐོན་ཏེ་ལམ་བར་དུ་ཚ་ཕོག་འཁྱུག་ཙམ་བརྒྱབ་པ་ཕུད། ཉིན་གང་ཕྱིན་ཚེ་ས་སྲོས་ལ་གཞི་ནས་སླེབས་ཙམ་ཡོད། ད་ལྟ་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་ལས་ཡུལ་དེ་གཉིས་དབར་གྱི་ལམ་ཚང་མ་སྣུམ་ནག་གཞུང་ལམ་དུ་བསྐྲུན་ཟིན་པས། རླངས་འཁོར་ལ་བསྡད་ནས་བསྐྱོད་ན་ཆུ་ཚོད་ཕྱེད་ཀ་ཙམ་ལས་འགོར་གྱི་མེད་ལ། རླངས་འཁོར་ནི་ཁྱབ་རྒྱ་ཆེ་བའི་འགྲིམ་འགྲུལ་ཡོ་བྱད་དུ་གྱུར་ཟིན། དེ་ལྟར་ཟུར་བལྟས་ལེབ་མཐོང་ཟེར་བའི་དཔེ་ལྟར། ཁོ་བོས་རང་ཁྱིམ་གྱི་མི་རབས་གསུམ་གྱིས་བརྒྱུད་པའི་འགྲིམ་འགྲུལ་ཡོ་བྱད་ཀྱི་འཕོ་འགྱུར་ལས་བོད་ཀྱི་སྤྱི་ཚོགས་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་།

    ཁོ་བོ་ནི་ཁྱིམ་གྱི་ཕྲུ་གུའི་རྒན་མགོ་ཡིན་པས་ལོ་ལྔ་དྲུག་སྐབས་ནས་ཕྱུགས་རྗི་བྱེད་དགོས་བྱུང་། སྐབས་དེ་དུས་ཕྱུགས་རྫི་ཕྲུ་གུ་ཚང་མ་འདམ་བག་གི་རླངས་འཁོར་བཟོ་བར་དགའ་ལ། དེ་དག་ནི་ཆེས་ཕུལ་བྱུང་གི་བརྩམས་ཆོས་སུ་བརྩི་བ་ལས་སུས་ཀྱང་རང་ཉིད་ཆེན་པོ་ཆགས་རྗེས་སོ་སོར་མོ་ཊ་ཡོང་ངེས་པའི་བསམ་བློ་ག་ནས་འཁོར་སྲིད། སྔར་སོང་ལ་རྗེས་དྲན་བྱེད་དུས། སློབ་ཆུང་ལོ་རིམ་གཉིས་པ་གསུམ་པའི་ལོ་ཟླ་ནི་ཆེས་བརྗེད་པར་དཀའ་བའི་དྲན་འཆར་ཟབ་ཤོས་ཤིག་ཡིན། གང་ལགས་ཤེ་ན། དེ་དུས་ང་ཚོའི་ཁྱིམ་ཚང་གིས་ཞིང་ལས་དངུལ་ཁང་ནས་བུ་ལོན་གཡར་ཏེ་སྔ་རྗེས་སུ་ཐོ་ཕྲུག་གཅིག་དང་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་ཞིག་ཉོས་པའི་དུས་ཚོད་རེད། ལྷག་པར་དུ། ང་ཚོའི་ནང་གི་བརྙན་འཕྲིན་བསྒྲིགས་ཚར་བའི་ཉིན་དང་པོར་གྲོང་ཚོའི་ཕོ་མོ་རྒན་གཞོན་ཕལ་ཆེ་བ་ལྟད་མོ་ལྟ་བར་བསླེབས་པས། དེ་ནི་གྲོང་ཚོ་ཡོངས་སུ་སྐད་གྲགས་ཆོད་པའི་མཚན་ཚོགས་གྲ་རྒྱས་ཤོས་ཤིག་ཏུ་གྱུར་པ་མ་ཟད་། ཕྲུ་གུའི་སྣང་བ་ཁོ་ན་བཅངས་པའི་ཁོ་བོའི་སྣང་ངོར་དེ་ནི་ཁྱིམ་ཚང་ཚང་མའི་ཕུགས་འདུན་དུ་སྣང་།

    སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ཁྲོད་ཕ་ཡུལ་གྱི་བྱང་ཕྱོགས་སུ་གནས་པའི་ཞི་བདེའི་གནམ་གྲུ་འབབ་ཐང་དུ་ལོ་ལྟར་རྒྱལ་ཕྱི་རྒྱལ་ནང་ནས་ཕེབས་པའི་སྐུ་མགྲོན་ཁྲི་སྟོང་མང་པོ་ཟིན་པ་དང་། ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་དུ་གཡུ་འབྲུག་སྔོན་མོ་འཁྱུག་པ་བཞིན་མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས། 2016ལོར་ཁོ་བོ་སློབ་ཆེན་ནས་ཐོན་རྗེས་ཞིང་ལས་དངུལ་ཁང་བཞད་མཐོང་སྨོན་རྫོང་ཉིང་ལག་དངུལ་ཁང་གི་ལས་དོན་པ་ཞིག་ཏུ་གྱུར་པ་དང་། གཞི་རིམ་ལས་གཉེར་སོའོ་ཡི་ལས་རོགས་ཚོས་ཞིང་པ་དང་། ཞིང་གྲོང་། ཞིང་ལས་བཅས“ཞིང་གསུམ”ལ་ཁ་ཕྱོགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ལ་ཞབས་འདེགས་ཞུ་བའི་བླང་བྱ་ཡིད་ལ་བརྟན་པོར་བཟུང་སྟེ། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ནས་ཐག་རིང་ལུང་ཁུག་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དངུལ་རྩའི་ཞབས་འདེགས་ཡག་པོ་ཞུ་བཞིན་ཡོད་ལ། ཞིང་ལས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཡུལ་མི་ཚོས་ཟོག་སྐྱེལ་རླངས་འཁོར་དང་། འགྲུལ་སྐྱེལ་རླངས་འཁོར། དེ་བཞིན་འཛུགས་སྐྲུན་མཁོ་སྤྱོད་འཕྲུལ་འཁོར་སྣ་ཚོགས་ཉོས་ནས་སྲིད་ཇུས་བཟང་པོའི་གོ་སྐབས་དམ་འཛིན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་དུ་མདུན་སྐྱོད་བྱས་དང་བྱེད་བཞིན་མཆིས་སོ།།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།