དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དབྱར་གྱི་མཛེས་ལྗོངས་ལ་བསྟོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  སྨྱུག་ཞེན།   |     སྤེལ་དུས།  2025-06-29

    སྤྲིན་ནག་དང་ནི་རྡུལ་གྱིས་མ་བསླད་པའི། །

    དྭངས་གསལ་ཤེལ་གྱི་མེ་ལོང་མཚུངས་པ་ཡི། །

    མཐའ་ཀླས་ལྷ་ལམ་ཡངས་པོའི་བཞིན་རས་ངོར། །

    འོད་ཟེར་ལམ་ལམ་མཆེད་པའི་རྟ་བདུན་པ། །

    རི་རྩེ་བརྒྱུད་ནས་དལ་གྱིས་ཕེབས་པའི་དུས། །

    སྣང་བའི་རྦ་རླབས་འཕྱོ་བཞིན་ག་ལེར་བྱོན། །


    མཐོ་བརྗིད་རི་བོ་མཛེས་པའི་འདབས་ཟུར་ན། །

    སྦྲ་ནག་རོག་རོག་ཕུབ་པའི་འབྲོག་གི་གཞིར། །

    ཞོགས་པའི་མཚམས་སྤྲིན་ལྷན་དུ་འཕྱོ་བ་ཡི། །

    སྔོ་མདོག་དུ་སྨུག་ལང་ལོང་མཁའ་རུ་འཁྱིལ། །

    ནོར་ནག་བཞོན་མའི་ངུར་སྒྲ་ལྷས་ལ་འཁོར། །

    ལྷས་རའི་བུ་མོས་བཞོ་དབྱངས་ངག་ལ་གྱེར། །


    མཐའ་བྲལ་ལྷ་ཡི་རྫིང་རིང་ཡངས་པོའི་ངོས། །

    སྤྲིན་དཀར་ལང་ལོང་ཐོལ་གྱིས་གཡོ་བ་ཡིས། །

    གཡུ་འབྲུག་སྔོན་མོས་ངར་སྒྲ་ཧད་ཀྱིས་སྒྲོག །

    ཆར་གྱི་ཟེགས་མ་ཟིམ་ཟིམ་ཕྱོགས་སུ་འཐོར། །

    སྤང་ལྗོངས་ཁྲ་ཚོམ་མེ་ཏོག་འདབ་བརྒྱ་གྲོལ། །

    ཕྱེ་ལེབ་དང་ནི་རྐང་དྲུག་གར་ལ་རོལ། །


    ལྷུན་སྟུག་ནགས་ཀླུང་ཕྱུག་མོའི་པང་ཁ་རུ། །

    འཚོ་བའི་མེ་ཏོག་གསོ་བའི་རི་དྭགས་ཚོགས། །

    སྙན་པའི་སྐད་ངག་འབྱིན་པའི་བྱ་བྱེའུ་སོགས། །

    བགས་ཀྱིས་རྒྱུ་ཞིང་སྙན་པར་གྲགས་པ་ཡིས། །

    སེམས་ཀྱི་སྨོན་པ་ངང་གིས་འཆོར་བས་ཀྱང་། །

    དབྱར་གྱི་ལྗོངས་ཆེན་བསྟོད་པའི་གཞི་རུ་བྱ། །


    སྔོ་ལྗང་གཡུ་འདབ་རྒོད་པའི་སྐྱེད་མོས་ཚལ། །

    ཡིད་འོང་མེ་ཏོག་དཀར་སེར་ཐགས་སུ་བཀྲ། །

    ཞིམ་མངར་བཅུད་ཀྱི་དྲི་ངད་ཕྱོགས་བཞིར་འཐུལ། །

    དེའི་ཚེ་བདེ་དགའི་དཔལ་ལ་ལོངས་སྤྱོད་པའི། །

    བུང་བ་གཞོན་ནུ་དགའ་བས་མྱོས་བྱས་པས། །

    སྙན་པའི་གཤོག་གླུ་ལེན་གྱིན་འཕུར་མ་ལྡིང་། །


    ནམ་མཁའ་ལ་ནི་འཇའ་ཚོན་རྣམ་པར་བཀྲ། །

    འཛིན་མའི་ངོས་སུ་རྩི་ཤིང་རྣམ་པར་བཞད། །

    ཆར་གྱིས་བཀྲུས་པའི་འདབ་གྲོལ་མེ་ཏོག་ཚོ། །

    ལང་ཚོ་ངོམ་ཞིང་མགོ་ལྕོག་ལྡེམ་ལྡེམ་གྱིས། །

    མཛེས་པའི་སྤང་དུ་སྐར་མའི་ཁྲ་རྒྱན་བཞིན། །

    དབྱར་གྱི་གདོང་ལ་མཛེས་པའི་ཚོན་རྩི་བྱུགས། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།